ཐེམ་ཆེན་དང་ཏུའུ་ལན་རྫོང་གཉིས་ཀྱིས་ཏང་འཛུགས་སྐྲུན་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་དང་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་།
2019.12.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས“ཞང་དང་སྡེ་བ་ཧྲིལ་པོ་མུ་རྒྱུད་གཅིག་ཏུ་འབྲེལ་ནས་དབུལ་སྐྱོར་གསར་སྤེལ་བྱེད་པ”དང“ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་མི་དམངས་ཕྱུག་པོར་གཏོང་བ”ཅེས་པའི་སྲིད་ཇུས་ལ་བརྟེན་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དེ་སྡེ་བ་རིམ་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་སྦྲེལ་ཐག་སྟེང་བསྲིངས་ནས། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ་རེད།

ཏང་ཀྲི་པུའུ་ལ་ཁྲིད་སྟོན་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་གཏོང་བར་ཤུགས་འདོན་པར་མཐོང་ཆེན་བྱས་ནས། སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་རང་བདག་དབུལ་ཐར་གྱི“ཁྲག་བཟོ”ནུས་པ་སྐྱེད་སྲིང་བྱས་པ་དང་། ཐོན་ལས་རྩལ་ནུས་གསོ་སྦྱོང་དང་དབུལ་ཐར་མ་དངུལ་བརྩོན་ལེན། གཟིགས་སྐྱོང་སྲིད་ཇུས་སྟེར་བ་སོགས་ཀྱི་བྱེད་སྟངས་སྤྱད་ནས། སྡེ་བ་རིམ་པའི་ཕྱུག་བསྒྱུར་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། “ཏང་ཀྲི་པུའུ་ཡིས་ཕྱུག་བསྒྱུར་འཇོན་མི་དག་ལ་སྣེ་ཁྲིད་པ་དང་། ཕྱུག་བསྒྱུར་འཇོན་མི་ཡིས་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་མཉམ་དུ་ཕྱུག་པོར་བསྒྱུར་བའི” འཕེལ་རྒྱས་ལམ་བུ་ཞིག་ཆགས་པར་བྱས། མཁར་དམར་ཞང་གཡང་ལུང་སྡེ་བའི་ཏང་ཡོན་རིན་ཆེན་རྡོ་རྗེ་ཡིས་རང་ཉིད་ཕྱུག་པོར་གྱུར་རྗེས་བཀྲ་ཤིས་གོ་རེ་གཅུས་རིལ་མ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཉེར་ལྔ་ཙམ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། ཟླ་བ་རེ་རེར་མི་རེ་ལ་ཟླ་ཕོགས་སྒོར་སྟོང་གཅིག་ལྔ་བརྒྱ་བྱིན་པར་མ་ཟད། ལས་བཟོ་བ་མི་རེར་ཆ་སྙོམས་ཀྱིས་ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ཡོད་པས། རོང་འབྲོག་པའི་ཡོང་སྒོའི་ཐབས་ལམ་ཇེ་མང་དུ་ཕྱིན་པ་དང་། འབྲོག་ཁུལ་གྱི་འབྲོག་པའི་རང་ཉིད་ཕྱུག་བསྒྱུར་དང་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཡང་སྔར་ལས་ཤུགས་ཆེར་བཏང་ཡོད།

ཏང་ཀྲི་པུའུ་ལ་སྐུལ་མ་བཏང་ནས་འཕེལ་རྒྱས་ཀྱི་ཐོན་ཁུངས་གང་མཐུན་ཅི་སྤྱོད་དང་། དཔལ་འབྱོར་གྱི་ཕན་འབྲས་རྒྱ་ཆེར་གཏོང་བའི་ཐད་ཧུར་བརྩོན་གྱིས་ཤུགས་བརྒྱབ། ཐུན་མོང་དཔལ་འབྱོར་གྱི་འཕྲོ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་ཁང་གསར་དུ་སྒྲུབ་པ་དང་ཆེད་ལས་མཐུན་ཚོགས་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས། དབུལ་ཕོངས་ཁྱིམ་ཚང་གིས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མཉམ་ལས་ཁང་དུ་མ་རྐང་འཇོག་པར་སྐུལ་ཁྲིད་བྱས་པའི་ཁར། “གཅིག་གིས་གཅིག་ཁྲིད་པ”དང“གཅིག་གིས་མང་པོ་ཁྲིད་པ”ཞེས་པའི་ཆ་སྒྲིག་ཁ་གཏད་རོགས་སྐྱོར་གྱི་བྱ་བ་ཅི་རིགས་སྤེལ་བ་དང་། དེ་ནས་དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བོད་ལུགས་བཟོ་རྩལ་ཐོན་རྫས་དང་མཉམ་ལས་ཁང་གི་ཐུན་མོང་ཕྱུགས་ཟོག བོད་ལུགས་ཟས་རིགས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་། བྲག་དམར་ཞང་ཀྱ་ཀྱུ་སྡེ་བའི་འབྲོག་པ་ཁྱིམ་ཚང་རེ་དགུ་པོ་ཚང་མ་ཀྱ་ཀྱུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་དང་། མཉམ་ལས་ཁང་གིས་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་པའི་རྗེས་སུ་མི་རིགས་གྱོན་གོས་དང་རྒྱན་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། རྫོང་མཁར་དུ་ཕྱིར་འཚོང་ཁང་བཙུགས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དྲུག་དང་མི་བཅོ་བརྒྱད་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་པས། ལོ་རེར་ཡོང་སྒོ་སྒོར་འབུམ་གཅིག་དང་ཁྲི་གཉིས་ཙམ་གྱིས་ཕན་ཐོགས་བྱུང་ཡོད་ལ། ལོ་རེར་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་གོ་དགུ་ལ་སླེབས།

ཏང་ཀྲི་པུའུ་ལ་རྒྱབ་སྐྱོར་བྱས་ཏེ་ཕྱུག་བསྒྱུར་ཐོན་ལས་ཡང་དག་འཚོལ་བའི་ཐད་ཧུར་བརྩོན་གྱིས་ཤུགས་བརྒྱབ། དོན་དངོས་ལ་དམ་པོར་འབྲེལ་བ་དང་རིག་ལམ་བསམ་ཕྱོགས་གཙང་སྒྲིག་བྱས་པ་བརྒྱུད། ཚད་བཀག་དང་མཚམས་ཚད་ཆེས་ཆེ་བའི་སྒོ་ནས་ཕྱོགས་སོ་སོའི་སྟོབས་ཤུགས་དང་ཐོན་ཁུངས་སྔོག་འདོན་དང་ཧྲིལ་བསྡུས། སྐུལ་སློང་བཅས་བྱས་ཏེ། “སྡེ་བ་གཅིག་ལ་ཐོན་རྫས་རེ”དང“སྡེ་བ་གཅིག་ལ་སྲིད་ཇུས་རེ”ཞེས་པའི་ཐོན་ལས་འཕེལ་རྒྱས་བཀོད་སྟངས་ཤིག་ཆགས་པར་བྱས། ཤེས་ཡོན་གྲོང་རྡལ་མེ་ལོང་སྡེ་བའི་ཏང་ཀྲི་པུའུ་ཡིས“མེ་ལོང་སྡེ་བའི་མ་དཔེ”ཧུར་ཐག་གིས་ཁྱབ་སྤེལ་བཏང་ནས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ཞིང་། སྡེ་བ་ཧྲིལ་པོའི་ཁྱིམ་ཚང་རེ་དགུ་ཡི་འབྲོག་པའི་རྩྭ་ས་དང་ཕྱུགས་ཟོག་དག་ལ“གཅིག་གྱུར་གྱིས་བགོ་བ་ལྔ”ཡི་དོ་དམ་བྱེད་སྟངས་ལག་བསྟར་བྱས་པས། གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་བདག་གཉེར་ཞིག་གྲུབ་ཡོད། མིག་སྔར། ཐེམ་ཆེན་རྫོང་གི་མེ་ལོང་སྡེ་བའི་གཏན་འཇགས་རྒྱུ་ནོར་སྒོར་ས་ཡ་ལྔ་དང་འབུམ་བཞི་ལ་སླེབས་ཡོད་པ་དང་། ཐུན་མོང་དཔལ་འབྱོར་གྱི་མ་དངུལ་སྒོར་འབུམ་གཉིས་སུ་སླེབས་ཡོད་པས། མཐའ་འཁོར་གྱི་སྡེ་བ་ཆེ་ཆུང་རྣམས་དབུལ་ཐར་བྱེད་པར་སྐུལ་ཁྲིད་བྱེད་པའི་ཁྲོད་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

གཞན་ཡང་། ཏུའུ་ལན་རྫོང་གིས་འཕྲིན་སྦྲེལ་ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བ་རྒྱ་བསྐྱེད་བྱས།

“ཏང་གི་སྲིད་ཇུས་མཛུབ་གུས་མནན་མ་ཐག་ཤེས་ཐུབ་པ་དང་། ད་དུང་ཀྲི་པུའུ་དང་ཏང་ཡོན་ལ་སྐད་སྒྲ་ཕྱུངས་ནས་ཁ་བརྡ་བརྗེ་རེས་ཀྱང་བྱེད་ཐུབ་པས། ངེས་པ་དོན་གྱིས་ང་ཚོའི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་རྣམ་པ་གསར་པ་ཞིག་བསྩལ་བྱུང་།” ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཞི་བདེ་སྲང་ལམ་གྱི་སྡེ་ཁུལ་དུ་སྡོད་པའི་ལོ་ན་རེ་གཅིག་ཅན་གྱི་ཏང་ཡོན་རྒན་པ་དབྱང་ཧྥ་རུང་གིས་ལག་ཁྱེར་ཁ་པར་ནང་གི“ཏུའུ་ལན་ཏང་ཡོན་གྱི་ཁྱིམ”ཞེས་པའིАΡΡམགྲོན་སྣེ་སྤྱད་པ་བརྒྱུད་ནས། ཡུལ་དུས་གང་དང་གང་དུ་སོང་ཡང་སྐུད་ལམ་དྲ་ཐོག་ནས་ཏང་གི་སློབ་ཁྲིད་ཀྱི་བརྙན་གཟུགས་སོགས་ཏང་དོན་བྱ་འགུལ་ལ་ཅི་དགར་བལྟས་ཆོག་པ་རེད་ཟེར།

“ཏུའུ་ལན་ཏང་ཡོན་གྱི་ཁྱིམ”ཞེས་པའིАΡΡམགྲོན་སྣེ2018ལོའི་ཟླ་བརྒྱད་པ་ནས་དངོས་སུ་འཁོར་སྐྱོད་བྱས་ལ། ཏུའུ་ལན་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་སྐྲུན་གྱི་འགུལ་རྣམ་དོ་དམ་བྱེད་ཤུགས་མཐོ་རུ་འདེགས་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་བརྗེ་རེས་སློབ་སྦྱོང་ནུས་པར་ཤུགས་སྣོན་པ། གཞི་རིམ་ཏང་ཡོན་གྱི་ཏང་གཤིས་བྱང་ཚད་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པར་ཁ་ཕྱོགས་ནས་ལས་པའི“བློ་གྲོས་ཏང་འཛུགས”ཞེས་པའི་བཟོ་འགོད་ཀྱི་ཡ་གྱལ་ཞིག་རེད། “འཕྲིན་སྦྲེལ་དྲ་བ་དང་ཏང་འཛུགས”ཀྱི་དཔེ་དབྱིབས་བྱེད་སྟངས་གསར་པ་སྤྱད་ནས། རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཉིས་བརྒྱ་སོ་གཉིས་དང་ཏང་ཡོན་སྟོང་བཞི་དང་ཉིས་བརྒྱ་དོན་གཉིས་ཡོངས་རྫོགས་སྐུད་ལམ་དྲ་ཐོག་གི་འགུལ་རྣམ་དོ་དམ་བྱེད་པའི་ནང་བཞག་པས། ཏང་རྩ་འཛུགས་བྱ་འགུལ་གྱི་དངོས་ལུགས་བར་སྟོང་དེ་རྟོག་བཟོ་བར་སྟོང་ལ་སྣུར་སྲིང་བྱས་པར་མ་ཟད། “ཏང་ཡོན་སློབ་གསོ”དང“ཏང་ཡོན་བརྗེ་རེས”“ལས་བྱེད་ལྟ་སྐུལ”“སྟབས་བདེ་ཞབས་ཞུ”ལ་སོགས་པའི་ནང་དོན་དང་ཟུང་དུ་སྦྲེལ་ནས།“འཕྲིན་སྦྲེལ་དྲ་བ”འདི་ཉིད་སྔར་ལས་ལྷག་པར་ཏང་ཡོན་ལས་བྱེད་པའི་དེང་རབས་འཚོ་བ་ལ་འདྲེས་སུ་བཅུག་སྟེ། གཞི་རིམ་ཏང་འཛུགས་སྐྲུན་ལ་མཐོང་རྒྱ་བསྐྱེད།

ད་ལྟ“ཏུའུ་ལན་གྱི་ཏང་ཡོན་ཁྱིམ”ལ་ས་དེ་གའི་ཏང་ཡོན་མང་ཚོགས་ཀྱིས་མཛའ་བརྩེ་ལྡན་ཞིང་སྙིང་ཉེ་བའི་ངང་ནས“ཁུག་མའི་ནང་གི་དཔེ་ཁུག་དང་། མཛུབ་རྩེ་ན་ཡོད་པའི་གཡུལ་ས”ཞེས་འབོད་ཀྱིན་ཡོད་ལ། དེ་ནི་ད་ལྟ་ཏང་གཟབ་ནན་གྱིས་སྐྱོང་བའི་སྟེགས་བུ་གསར་པ་དང་ཏང་ཡོན་སློབ་གསོའི་སྒེའུ་ཁུང་གསར་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྒྲོག་ཐག་གསར་པར་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།