འབྲོག་པའི་རེ་བའི་ཁྱིམ་ཚང་གི་བདེ་སྐྱིད་འཚོ་བ།
2019.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

བོད་ལུགས་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་དེའི་ཐོག་སོ་གཉིས་པའི་ཁང་པ་ཆུང་ཆུང་དེ་ཕྱི་དྲོའི་ཉི་འོད་འོག་དྲོ་ཞིང་ཁུ་སིམ་མེར་གནས་འདུག   ཟླ་བཅུ་གཉིས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་གནམ་གཤིས་ཤིན་ཏུ་འཁྱགས།  རྫོང་མཁར་གསར་བའི་དཀྱིལ་སྣེ་ཐང་ཆེན་དུ་གནས་སྤར་ཡོད་པའི་ འབྲོག་པའི་རེ་བའི་ཁྱིམ་ཚང་གི་སྡོད་ཁུལ་དེ་ཧ་ཅང་འཁྲུག་ཆ་དོད་པོར་གནས་འདུག

སྡོད་ཁུལ་གྱི་ཐང་ཆེན་དུ་སོང་བ་ན་རྒན་རྒོན་དང་བྱིས་པ་རེ་གཉིས་ཀྱིས་རིགས་སྣ་ཚོགས་ཀྱི་ལུས་སྦྱོང་ཡོ་བྱད་ལ་བརྟེན་ནས་ལུས་རྩལ་སྦྱོང་བའི་སྤྲོ་སྐྱིད་ཀྱི་རྣམ་པ་དེ་མཐོང་ཐུབ།

ཐང་ཆེན་གྱི་བྱང་ངོས་སུ་བཟའ་ཟླ་གཉིས་ཀྱིས་བྱིས་པ་གཉིས་ཁྲིད་ནས་ལུས་སྦྱོང་ཡོ་བྱད་ཐོག་རྩེད་འཇོར་རོལ་བཞིན་འདུག་ལ་ཕར་བལྟས་པ་ཙམ་གྱིས་ཞི་མཐུན་གྱི་སྣང་བ་ཞིག་ངང་གིས་སྟེར ། བཟའ་མི་དེ་གཉིས་ཀྱིས་གསར་འགོད་པ་བཅར་འདྲི་བྱེད་དུ་ཡོང་བ་ཤེས་རྗེས།   གདོང་ལ་ཅུང་དངངས་འཚབ་དང་འཚེར་སྣང་གི་རྣམ་འགྱུར་ཞིག་མངོན་ཞིང་།  ཕན་ཚུན་ཁ་བརྡ་བྱས་པ་བརྒྱུད་སྐྱེས་པ་དེའི་མིང་ལ་སྤེན་པ་ཟེར་ཞིང་ཁོ་ནི་སྐྱེ་ཁམས་ལྟ་སྲུང་མཁན་ཞིག་ཡིན་པས་ཉིན་དེར་ཏག་ཏག་སྐྱེ་ཁམས་ལྟ་སྲུང་ས་ཁུལ་དུ་སྐོར་ཞིབ་བྱས་རྗེས་ཡུལ་ལ་ལོག་མ་ཐག་ཡིན་པ་དང་། ཉིན་གུང་གི་ཉི་འོད་འཇམ་པོའི་འོག་ཏུ་ཁོས་རང་གི་ཆུང་མ་དང་མཉམ་དུ་བྱིས་པ་གཉིས་ཁྲིད་དེ་སྡོད་ཁུལ་གྱི་ཐང་ཆེན་དུ་ཡོང་ནས་རྩེད་མོར་རོལ་བཞིན་ཡོད་པ་རེད།  སྡོད་ཁང་གསར་པའི་གནས་ཚུལ་སྐོར་གླེང་སྐབས་སྤེན་པ་བཟའ་ཟླ་གཉིས་ཀྱི་གདོང་གི་དངངས་འཚབ་དང་འཚེར་སྣང་གི་རྣམ་འགྱུར་ཡོངས་སུ་ཡལ་ནས་ང་ཚོ་གསར་འགོད་པ་རྣམས་ཁོ་ཚང་གི་ཁྱིམ་དུ་ལྟ་སྐོར་བྱེད་དུ་འགྲོ་བར་གདན་ཞུ་བྱས།

སྤེན་པ་ཚང་གི་ཁྱིམ་དུ་འཛུལ་མ་ཐག་སྤེན་པས་ང་ཚོ་ཐབ་ཚང་དང་ཉལ་ཁང་དུ་ཁྲིད་པ་དང་། རྨིད་ངོས་སྙོམས་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་ཁང་པའི་ནང་བོད་ ལུགས་ཀྱི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཁ་ཚང་བར་བསྒྲིགས་འདུག

སྤེན་པས་སེམས་ཐག་ཆོད་པའི་སྒོ་ནས་བཤད་རྒྱུར་སྔོན་ཆད་ང་རང་གིས་འདི་ལྟ་བུའི་ཁང་པ་ཡག་པོ་ཞིག་ཏུ་སྡོད་ཐུབ་རྒྱུ་དེ་རྨི་ལམ་དུ་ཡང་འཁོར་མ་མྱོང་ལ་ད་ལྟ་ཆུ་གློག་ཚང་མ་ཤིན་ཏུ་སྟབས་བདེ་མོ་རེད་ཟེར།

དྲོད་རླངས་ངོ་སྤྲོད་བྱེད་པའི་སྐབས་སུ་སྤེན་པས་རང་ཉིད་ཀྱི་བྱིས་པར་མཛུབ་མོ་བཙུགས་ནས“ཁྱེད་ཚོས་ལྟོས་དང་། ད་ལྟ་ཁང་པའི་ནང་དུ་བྱིས་པ་ཚོས་ཕུ་ཐུང་ལྭ་བ་སྲབ་མོ་ཞིག་གྱོན་ནས་བསྡད་ན་ཆོག”ཟེར། སྐབས་དེར་ང་ཚོས་གཞི་ནས་ད་སོ་མ་ང་ཚོ་དང་མཉམ་ཡོང་བའི་བྱིས་པ་གཉིས་ཀྱིས་སྲིང་བལ་གྱོན་གོས་ཕུད་ནས་ཕུ་ཐུང་སྲབ་མོ་ཙམ་ལས་གྱོན་མེད་པ་མཐོང་བྱུང་།

སྔོན་ཆད་སྤེན་པ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་མཁན་གྱི་འབྲོག་པ་ཞིག་ཡིན་པ་དང་ཁོའི་ཆུང་མར་ནད་ཕོག་པས་དུས་ཡུན་རིང་བོར་སྨན་འཐུང་གི་ཡོད་པ་རེད།  ཁོ་ཚང་ལ་ཡོད་པའི་ནོར་གནག་བཅུ་ལྷག་དེ་ནི་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་ཡིན་པ་དང་། སྐབས་འགར་སྤེན་པས་བུ་མོ་ཆེ་བ་ཁྲིད་ནས་དབྱར་རྩྭ་དགུན་འབུ་འཐུ་རུ་འགྲོ་བཞིན་ཡོད།  ཉེ་བའི་ལོ་འགའི་སྔོན་ཁོ་ཚང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་གྱི་གྲས་སུ་བཞག་པས་ཁོ་ཚང་གནས་སྤོར་སྡོད་དམངས་ཀྱི་གྲས་སུ་ཚུད་པར་མ་ཟད། སྤེན་པ་ཁོ་རང་ཡང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར།  དེ་ལྟར་འཚོ་བའི་འགྱུར་ལྡོག་སྣ་ཚོགས་ཤིག་བརྒྱུད་པ་དེས་ད་ལྟ་ཁོ་ཚང་ལ་ཁང་པ་གསར་བ་ཡོད་པར་མ་ཟད་སྤེན་པས་ཀྱང་ཅུང་བརྟན་འཇགས་ཀྱི་ལས་ཀ་ཞིག་རྙེད་ཡོད་པ་རེད།

ད་ལྟའི་འཚོ་བའི་སྐོར་གླེང་སྐབས་སྤེན་པ་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར“ངེད་ཚང་གི་ད་ལྟའི་འཚོ་བ་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  སྔོན་ཆད་འདི་འདྲའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་ཡིད་ལའང་དྲན་མ་མྱོང་། ང་ཚོའི་རྒྱལ་ཁབ་དངོས་གནས་སྟོབས་འབྱོར་ལྡན་པར་འདུག ངས་ད་ལྟ་ཉིན་རྒྱུན་དུ་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད”ཟེར།

ང་ཚོ་སྤེན་པ་ཚང་ནས་སྒོར་བུད་རྗེས་སྡོད་ཁུལ་དེ་རུ་དར་སྲོལ་ཆེ་བའི་གྱོན་ཆས་གྱོན་པའི་བུད་མེད་གཞོན་ནུ་མ་ཞིག་དང་འཕྲད་པ་དང་། ཁོ་མོས་གྱོན་པ་གྱོན་སྟངས་ནི་གྲོང་ཁྱེར་གྱི་མི་དང་དངོས་གནས་འདྲ་བོ་འདུག  ང་ཚོས་རང་གི་ཡོང་དོན་གསལ་བོར་བཤད་པས་བུད་མེད་དེས་ཀྱང་སྔར་བཞིན་ང་ཚོ་ཁོ་མོའི་ཁྱིམ་དུ་བསུས་བྱུང་།

ང་ཚོས་ཕན་ཚུན་ཁ་བརྡ་བྱས་པ་བརྒྱུད། ཁྱིམ་ཚང་དེའི་སྐྱེས་པའི་མིང་ལ་བློ་གྲོས་ཟེར་ཞིང་ཁོ་ཡང་སྔར་བཞིན་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ལ་ཁོའི་ཆུང་མའི་མིང་ལ་ཚེ་སྐྱིད་ཟེར། ཁོ་གཉིས་ལ་ཏག་ཏག་སློབ་ལོ་རན་ནས་སློབ་གྲྭར་ཞུགས་མ་ཐག་པའི་བྱིས་པ་གཅིག་ཡོད་པ་རེད།  སྔོན་ཆད་བློ་གྲོས་ཀྱི་ཁྱིམ་ཚང་ནི་ཤིན་ཏུ་དབུལ་བོ་ཡིན་ཞིང་ཁྱིམ་དུ་ད་དུང་ནུ་བོ་གསུམ་ཡོད་པ་རེད། བློ་གྲོས་དང་ཚེ་སྐྱིད་གཉིས་གཉེན་སྒྲིག་བྱས་རྗེས་ཐ་ན་སྡོད་སའི་ཁང་པ་ཡང་མེད་པས་གཞན་གྱི་ཁང་པ་གླས་ནས་བསྡད་པ་རེད།

ཕྱིས་སུ་རྫ་སྟོད་རྫོང་སྲིད་གཞུང་གིས་བློ་གྲོས་ཚང་དབུལ་སྐྱོར་གནས་སྤོར་ཁྱིམ་ཚང་དུ་གཏན་འཁེལ་བྱས་པས་ཁང་པ་གསར་པར་གནས་སྤོར་བྱེད་ཐུབ་པ་བྱུང་ཞིང་། དེ་ཡིས་ཁོ་ཚང་གི་ཁྱིམ་ཚང་གི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་།  བློ་གྲོས་ཀྱི་ཆུང་མ་ཚེ་སྐྱིད་ལའང་སྲིད་གཞུང་གི་ལས་བཟོའི་ཟ་ཁང་དུ་ཇ་མར་རོགས་རམ་བྱེད་པའི་ལས་ཀ་རག་ཡོད། བློ་གྲོས་བཟའ་མི་གཉིས་ཀྱིས་འཚོ་བ་ཡག་པོ་སྐྱེལ་ཤེས་པ་སྟེ། དུས་རྒྱུན་ཟ་མཁས་སྤྱོད་མཁས་བྱས་ཏེ་གྲོན་ཆུང་བྱས་པའི་དངུལ་གྱིས་ཁྱིམ་ཆས་སྣ་ཚོགས་ཉོ་བ་དང་བྱིས་པར་སློབ་སྦྱོང་གི་མཁོ་ཆས་ཉོ་བ་སོགས་བྱས་ནས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་པ་རེད།

“ཏང་དང་སྲིད་གཞུང་གིས་ང་ཚོར་ཁང་པ་འདི་འདྲ་ཡག་པོར་གནས་སྤོར་དུ་བཅུག་ཡོད་པས། ང་ཚོ་ན་གཞོན་རྣམས་ལ་མཚོན་ན་ད་ནས་བཟུང་སྟེ་འབད་བརྩོན་ཆེན་པོ་བྱེད་དགོས་པ་དང་། ཏང་དང་སྲིད་གཞུང་ལ་དཀའ་ལས་བཟོ་མི་རུང་བར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་གཏོང་དགོས།”ཞེས་ཚེ་སྐྱིད་ཀྱིས་དེ་ལྟར་བཤད་བྱུང་།

བློ་གྲོས་ཚང་ནས་ཕྱིར་བུད་དེ་ཐོག་ཁང་དེའི་རྩར་ཐོན་དུས། ཐོག་བརྩེགས་དང་པོའི་བར་ཁྱམས་སུ་གློག་གི་རེའུ་མིག་ཉམས་གསོ་བྱེད་བཞིན་པའི་ཆོས་དགའ་ལ་འཕྲད་བྱུང་བ་དང་།  ཆོས་དགས་རང་ཉིད་ཀྱང་ད་ལོའི་ཟླ་བརྒྱད་པར་སྡོད་ཁུལ་ཆུང་བ་དེར་གནས་སྤར་ནས་ཡོང་མཁན་ཞིག་ཡིན་ཟེར།

ཆོས་དགས་ལག་གི་ལས་ཀ་ལས་ཚར་རྗེས་གསར་འགོད་པར་མུ་མཐུད་བཤད་རྒྱུར། སྔོན་ཆད་ཁོས་རྒྱུན་པར་ཕ་ཡུལ་ཏུ་ཕྱུགས་ཟོག་འཚོ་བཞིན་ཡོད་པ་དང་། ཕྱུགས་ཟོག་ཉུང་ཞིང་རྩྭ་ས་ཆུང་བས་ཁར་ཁོའི་ཁྱིམ་དུ་བྱིས་པ་གསུམ་ཡོད་པས་ཁྱིམ་གྱི་འཚོ་བའི་ཐད་ནས་དཀའ་ཁག་ཆེན་པོ་ཡོད། ཕྱིས་སུ་ཆོས་དགའ་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཏུ་གྱུར་རྗེས་ཁོའི་ཁྱིམ་གྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་ཡོད་ཟེར།

ཆོས་དགའ་ནི་ལས་ལ་བརྩོན་ཞིང་སློབ་སྦྱོང་ལ་ཡང་དགའ་པོ་ཡོད་པས་སྡོད་ཁུལ་དེར་གནས་སྤར་རྗེས་སྡོད་ཁུལ་ཆུང་བ་དེའི་ལས་བཟོ་བ་ཞིག་ཏུ་གྱུར།  རྒྱུན་དུ་སྐྱེ་ཁམས་ལྟ་སྲུང་གི་བྱ་བར་འཐུས་ཤོར་མེད་པའི་ཆ་རྐྱེན་འོག ཞོར་དུ་ཁོས་སྡོད་ཁུལ་ཆུང་བ་དེའི་ཆུ་དང་གློག  དྲོད་རླངས་སོགས་ཀྱི་སྒྲིག་ཆས་ཉམས་གསོ་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད་པ་རེད།

ཆོས་དགའ་ཡིས“ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ནི་ཏང་དང་སྲིད་གཞུང་གིས་ང་ལ་གནང་བ་ཤ་སྟག་ཡིན།  གལ་སྲིད་ཀྲུང་གོ་གུང་ཁྲན་ཏང་མེད་ན་ང་ཚོ་འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་འདི་ཡོད་མི་སྲིད་ཅིང་།  ད་ལྟ་ཁང་པ་ཡོད་པ་དང་བྱ་བ་ཡོད་པས་ ཉིན་རེའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས་ངའི་འཚོ་བའི་མདུན་ལམ་སྔར་ལས་ཡངས”ཟེར།

རྫ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་དོན་གྲུབ་ཀྱིས“གནས་སྤོར་སྡོད་ཁུལ་འདིའི་ཁང་པའི་རྒྱུ་སྤུས་དང་ཁང་པའི་བཟོ་དབྱིབས་སོགས་ནི་ཚད་གཞི་ཤིན་ཏུ་མཐོ་བས་རྫོང་མཁར་འདིའི་ལས་བྱེད་པའི་སྡོད་ཁང་ལས་ཀྱང་ལེགས”ཟེར།

ཤེས་རྟོགས་བྱུང་བ་ལྟར་ན། རྫ་སྟོད་རྫོང་གིས་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དབུལ་སྐྱོར་གནས་སྤོར་འཆར་འགོད་ཁྲོད། ་ས་གནས་དེ་གའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་བདུན་བརྒྱ་དང་བཅུ་གཅིག་གནས་སྤར་བ་དང་། དེའི་ཁྲོད་ཉིས་སྟོང་བཅུ་དྲུག་ལོའི་གནས་སྤོར་ལས་གཞིའི་ཐད་མ་དངུལ་སྒོར་མོ་ས་ཡ་བརྒྱད་འབུམ་དྲུག་དོན་འཁྱོལ་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོར་རྫོང་ཡོངས་ཀྱི་ཞང་བདུན་དང་གྲོང་རྡལ་གཅིག་ཏུ་ཁྱོན་སྡོམ་དབུལ་ཁྱིམ་དྲུག་བརྒྱ་དང་རེ་བརྒྱད་གནས་སྤར་བ་དང་། དེའི་ཐད་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་གསུམ་འབུམ་དྲུག་བཏང་ཡོད་པ་རེད།

                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།