གཞིས་བཅར་རྒན་གསོའི་ཞབས་ཞུ། རྒན་རྒོན་རེ་ས་བརྟེན་ས།
2019.12.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

—ཐུན་རིན་རྫོང་གི་གཞིས་བཅར་རྒན་གསོའི་ཞབས་ཞུའི་གནས་ཚུལ་རགས་བཀོད།

ལོ་ལོན་ལ་སྐྱེས་སྐར་རོལ་བཞིན་པ།

གཞིས་བཅར་རྒན་གསོའི་ཞབས་ཞུ།

ལོ་ལོན་གྱི་སྐྲ་སླེ་བཞིན་པ།

གཞིས་བཅར་རྒན་གསོའི་ཞབས་ཞུ་ཞེས་པ་ནི། ཁྱིམ་ཚང་སྲོག་ཤིང་དང་སྡེ་ཁུལ་ནི་རེ་ས། ཆེད་ལས་ཅན་གྱི་ཞབས་ཞུ་ནི་བརྟེན་ས་བྱས་ཏེ། ཁྱིམ་དུ་སྡོད་པའི་རྒན་པ་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་དཀའ་ཁག་བསལ་བ་ནང་དོན་གཙོ་བོར་བཞག་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལ་ཟེར་ཞིང་། དེ་ལ་ཆེད་ལས་ཀྱི་གསོ་སྦྱོང་ཐོབ་པའི་ཞབས་ཞུའི་མི་སྣ་ཁྱིམ་དུ་སོང་ནས་རྒན་པར་ལྟ་རྟོག་ཞབས་ཞུ་བྱེད་པ་དང་། སྡེ་ཁུལ་དུ་རྒན་པའི་ཉིན་མོའི་ཞབས་ཞུ་ལྟེ་གནས་བསྒྲུབས་ཏེ། རྒན་པ་ལ་ཉིན་མོའི་ཞབས་ཞུ་མཁོ་འདོན་བྱེད་པ་སྟེ་རིགས་གཉིས་འདུག

རྨ་ལྷོ་ཁུལ་ལ་མཚོན་ན། ཐུན་རིན་རྫོང་ཞི་དབྱང་ཧོང་གཞིས་བཅར་རྒན་གསོ་ཞབས་ཞུ་ལྟེ་གནས་ནི་གཞིས་བཅར་རྒན་གསོ་ཞབས་ཞུ་ལྟེ་གནས་ཐོག་མ་ཡིན་པ་དང་། དེའི་རྗེས་སུ་ཁུལ་དེའི་རྫོང་ཁག་གཞན་གསུམ་ནས་ཀྱང་འཕྲོ་རིམ་འཕྲོར་གཞིས་བཅར་རྒན་གསོ་ཞབས་ཞུ་ལྟེ་གནས་བཙུགས་པ་རེད། ཟླ་འདིའི་ཟླ་དཀྱིལ་དུ། གསར་འགོད་པ་ཐུན་རིན་རྫོང་ཞི་དབྱང་ཧོང་གཞིས་བཅར་རྒན་གསོ་ཞབས་ཞུ་ལྟེ་གནས་ལ་བཅར་འདྲིར་བསྐྱོད། རྒན་གསོ་ཞབས་ཞུ་ལྟེ་གནས་དེ་ནི་ཐུན་རིན་རྫོང་རོང་བོ་གྲོང་རྡལ་དུ་གནས་ཤིང་། ར་སྐོར་ཆུང་ཆུང་ཞིག་གི་ནང་དུ་ལས་སྒྲུབ་ཁང་ཉིས་ཐོག་ཅན་གཅིག་དང་། ཐབ་ཚང་ལ་སྤྱོད་པའི་སྤོ་བདེའི་ཁང་བ་ཞིག་ལས་འཛུགས་སྐྲུན་གྱི་དངོས་པོ་གཞན་མི་འདུག སྡེ་ཁུལ་གྱི་ལོ་ལོན་འགས་ཉི་འབྲུ་ཟ་ཞོར་བོད་འགྱིག་འདེབས་བཞིན་འདུག་ལ། གམ་ན་ལས་བཟོ་པ་དང་ཨ་ཡེ་ལོ་ལོན་འགས་ཁ་བརྡ་བྱེད་ཀྱིན་འདུག

རྒྱུས་ལོན་པ་ལྟར་ན། ཐུན་རིན་རྫོང་ཞི་དབྱང་ཧོང་གཞིས་བཅར་རྒན་གསོ་ཞབས་ཞུ་ལྟེ་གནས་ནི2016ལོའི་ཟླ་ལྔ་བར་བཙུགས་ཤིང་། དང་ཐོག་ཞབས་ཞུ་ལྟེ་གནས་ཀྱིས་ཞབས་ཞུ་མཁོ་སྤྲོད་བྱེད་པའི་ལོ་ལོན་སུམ་བརྒྱ་གོ་གཉིས་ལས་མེད་ལ། རྫོང་དམངས་སྲིད་ཅུའུ་དང་སྡེ་ཁུལ་གྱིས་སྤྲད་པའི་མིང་ཐོ་ལྟར་ལོ་དྲུག་ཅུ་ཡན་གྱི་དབུལ་ཕོངས་ལོ་ལོན་དང་ལོ་ལོན་ཁེར་འདུག་མང་པོར་གོ་བསྐོན་བློ་འགུགས་བྱས་པས། ད་ལྟ་སྡེ་བ་དང་གྲོང་རྡལ་བཅུ་དགུ་ཡི་ལོ་ལོན་བདུན་བརྒྱ་ལྔ་བཅུ་ལྷག་ལ་བུད་ཡོད་པ་དང་། ཞབས་ཞུ་ལྟེ་གནས་ཀྱི་རོགས་སྐྱོར་མི་སྣ་བཅུ་དགུ་ཡིས་རེས་མོས་ཀྱིས་ཞབས་འདེགས་ཞུ་བཞིན་ཡོད། འགོ་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་བཤད་རྒྱུར།“དམངས་སྲིད་ཅུའུ་ཡིས་སྤྲད་པའི་མིང་ཐོ་ལ་གཞིགས་ནས་ལོ་ལོན་རྣམས་ལ་གཞིས་བཅར་རྒན་གསོའི་ཞབས་ཞུ་ངོ་སྤྲོད་དང་དྲིལ་སྒྲོག་བྱེད་སྐབས། ཐོག་མར་རྒན་རྒོན་མང་པོ་ཞིག་གཏན་ནས་མི་རློམ་པ་དང་། ལ་ལ་ཞིག་ཐེ་ཚོམ་གྱི་ངང་དུ་ལུས། ཕྱིས་སུ་རིམ་གྱིས་གཞིས་བཅར་རྒན་གསོ་ཞབས་ཞུའི་དགེ་མཚན་ཤེས་པ་དང་མཉམ་དུ་རེ་ཞུ་བྱེད་མཁན་ཇེ་མང་དུ་སོང”ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཐུན་རིན་རྫོང་དུ་ལོ་དྲུག་ཅུ་ཡན་གྱི་ལོ་ལོན་སྟོང་དགུ་དང་དྲུག་བརྒྱ་ང་ལྔ་དང་། ལོ་བདུན་      ཅུ་ཡན་གྱི་ལོ་ལོན་སྟོང་དྲུག་དང་སུམ་བརྒྱ་བཅུ་བཞི་ཡོད་ཅིང་། ལོ་ལོན་ཅན་དུ་འགྱུར་བའི་སྣང་ཚུལ་མངོན་གསལ་རེད། རྒས་བའི་སྡུག་བསྔལ་གྱིས་ཟིན་པའི་རྒན་པ་རྣམས་ལ་རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་སྙོར་མཁན་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་བྱེད་པར་གཞིས་བཅར་རྒན་གསོ་ཞབས་ཞུ་ཡིས་ནུས་པ་མི་དམན་པ་ཐོན་ཡོད་པ་རེད།

ཞབས་ཞུ་ལྟེ་གནས་དེ་བཙུགས་མ་ཐག གཞུང་སྤྱོད་རླངས་འཁོར་མེད་པས་རོགས་སྐྱོར་མི་སྣ་རྣམས་ལམ་ཐག་རིང་བའི་སྡེ་བའི་ནང་འགྲོ་སྐབས་དཀའ་ཚེགས་མི་ཉུང་བ་མྱོང་དགོས་ན་ཡང་། ཡུན་གྱིས་ལོ་ལོན་རྣམས་དང་འདྲིས་རྗེས་ཕན་ཚུན་ལ་བརྩེ་བ་ཟབ་མོ་ཆགས་ཤིང་། མཚམས་རེར་ཞབས་ཞུ་མི་སྣས་རང་གི་མ་དངུལ་བཏང་སྟེ་ཞོ་དང་སིལ་ཏོག་སོགས་ཉོས་ནས་ལོ་ལོན་རྣམས་ལ་ལྟ་རྟོག་སྲི་ཞུ་བྱས་པ་དང་། སྨན་ཁང་དུ་སྡོད་པ་རྣམས་ལ་སྙོར་སྐྱོང་གི་ཞབས་ཞུ་བསྒྲུབས་ལ། ལོ་ལོན་རེ་འགས་ཀྱང་དངུལ་བྱང་དང་གསང་གྲངས་བཅས་པ་རོགས་སྐྱོང་མི་སྣར་བཅོལ་ཏེ་གློག་རིན་ཆུ་རིན་སྤྲོད་པ་དང་ཉིན་རྒྱུན་གྱི་མཁོ་ཆས་སྒྲུབ་པའི་སྣང་ཚུལ་ཡང་ཡོད་པ་རེད། བདག་སྐྱོང་མཁོ་བའི་ལོ་ལོན་ཁེར་འདུག་དང་དབུལ་ཕོངས་ལོ་ལོན་མང་པོ་ཞིག་རང་ཁྱིམ་དང་བྲལ་ནས་སྒོ་ཕྱིར་འགྲོ་མི་དགོས་པར། སྙོར་མཁན་ཆེད་དུ་ཚུར་སྒོ་ཁར་འོངས་ཏེ། ཁ་ཟས་གཡོ་སྐོལ་བྱེད་པ་དང་ལྭ་བ་བཀྲུ་བ། འཕུར་མཉེད་དང་སེམས་གསོ་བྱེད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པའི་ལོ་ངོ་གསུམ་གྱི་རིང་ལ། ཐུན་རིན་རྫོང་གི་རྒན་གསོའི་ལས་དོན་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་ཅིང་། འབྲེལ་ཡོད་ལས་ཁུངས་ཀྱི་མཐུན་སྦྱོར་རྒྱབ་སྐྱོར་དང་འབད་བརྩོན་འོག ལས་འདིར་སྤྲོ་བའི་མི་མང་པོ་ཞིག་གིས་དཀའ་བ་ཁྱད་གསོད་དང་འགྱུར་མེད་སྙིང་སྟོབས་ལ་བརྟེན་ནས་འཐུས་ཚང་གི་ལམ་དུ་ཞུགས་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།