ཁྲི་ཀ་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས་སྐོར་སྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ཤུགས་ཆེར་བཏང་།
2020.01.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ད་ལོའི་ཚུན་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་བྱེད་ཐབས་བཞི་སྤྱད་ནས“སྲིད་ཇུས་བཀོད་སྒྲིག་ཅན”དང“ཚོགས་པ་སྒྲིག་འཛུགས་ཞོར་ལས་ཅན”“བྱ་རིགས་ཞོར་ལས་ཅན”“གཏན་འཇགས་ཞོར་ལས་ཅན”བཅས་རིགས་བཞི་ཡི་སྐོར་སྐྱོད་ཏང་ཡོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཡོན་གྱི་འོས་འགན་ལག་བསྟར་བྱས་པ་དམིགས་སར་མ་སླེབས་པ་དང་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་བྱས་པ་གཟབ་ནན་མིན་པ་སོགས་གནད་དོན་ཐག་གཅོད་གང་ལེགས་བྱས།

དབུལ་སྐྱོར་གནས་སྤོར་བྱས་པའི་ཁྲོད“དུད་ཁྱིམ་ཁ་གྱེས”ཅན་གྱི་རོང་འབྲོག་པའི་ཏང་ཡོན་ལ། ཁྲི་ཀ་རྫོང་གིས“ཁྲོལ་ཚགས་བརྒྱུད”པའི་བྱེད་སྟངས་སྤྱད་ནས། ཞང་གྲོང་ཏང་ཨུས་རེ་རེ་བཞིན་ངོ་ཐུག་སེམས་གཏམ་གླེང་མོལ་བྱས་པ་དང་། སྒོ་ཁར་སོང་ནས་ཐོ་འགོད་དང་ཁ་པར་འབྲེལ་གཏུག་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། གྲངས་ཀའི་མཐིལ་རྟོགས་རྒྱུས་ལོན་དང་ལས་སྟེགས་རྩིས་ཐོ་བཙུགས་པ་དང་། དེ་ནས་མི་སྒེར་གྱི་ཆ་འཕྲིན་དང་། ཁྱིམ་ཚང་གི་ཁོངས་མིའི་གྲུབ་ཚུལ། ལུས་ཕུང་བདེ་ཐང་གི་གནས་ཚུལ། ཁྱིམ་ཚང་གི་ཡོང་འབབ། ཏང་རྩ་འཛུགས་ཀྱི་འབྲེལ་བ་ཡོད་སའི་གནས་བཅས་ལ“ལྔ་གཙང”སྒྲུབ་ཐུབ་པ་བྱས་ཤིང་། དུས་མཚུངས་སུ། ཏང་རྩ་འཛུགས་ཀྱི་འབྲེལ་བ་དེ་བཀོད་སྒྲིག་བྱེད་སའི་སྡེ་ཁུལ་གྱི་ཏང་རྩ་འཛུགས་ལ་སྤོ་བསྒྱུར་བྱས་ཏེ་སློབ་གསོ་དོ་དམ་ལ་ཤུགས་སྣོན་བྱ་རྒྱུ་རེད། “ཚོགས་པ་སྒྲིག་འཛུགས་ཞོར་ལས་ཅན”གྱི་ཏང་ཡོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཆེད། ཕྱོགས་གཅིག་ནས་སྐད་འཕྲིན་གྱི་ཚོགས་པ་འཛུགས་པ་དང་དུས་ཐོག་ཏུ་ཀྲི་པུའུ་བྱ་བའི་འགྱུར་ལྡོག་གནས་ཚུལ་ཡར་ཞུ་བྱས་པ་བརྒྱུད། སློབ་སྦྱོང་གི་ནང་དོན་འོས་སྦྱོར་བྱས་ནས་སྤེལ་བ་དང་། ཕན་ཚུན་ལ་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ནས། ཏང་ཡོན་སློབ་གསོ་དོ་དམ་ལ་ཁག་ཐེག་ནན་མོ་བྱས་ཡོད། ཕྱོགས་གཞན་ཞིག་ནས་གནས་སྐབས་ཀྱི་ཏང་ཚན་ཆུང་བཙུགས་ནས་འགན་འཁུར་མཁན་དམིགས་འཛུགས་གཏན་འཁེལ་བྱས་ཤིང་། རང་འགུལ་གྱིས་ཏང་ཀྲི་པུའུ་དང་འབྲེལ་བ་སྲུང་འཛིན་བྱས་པ་དང་། སྒོ་ཕྱིར་སོང་ནས་ཞོར་ལས་གཉེར་བའི་ཏང་ཡོན་གྱིས་སྒྲིག་བརྩི་ཁྲིམས་སྲུང་བྱེད་ཚུལ་དང་། ཉིན་རྒྱུན་གྱི་བྱ་བ་དང་འཚོ་བའི་གནས་ཚུལ་བཅས་གཏན་འཁེལ་གྱི་དུས་བཅད་ནང་ཡར་ཞུ་བྱས། ཞོར་ལས་གཉེར་བའི་ཏང་ཡོན་རྣམས་གཅིག་བསྡུས་ཀྱིས་ཡུལ་ལ་ལོག་པའི་སྐབས་སུ། ཀྲི་པུའུ་ཡིས་སྒོ་ཁ་ནས་སློབ་སྦྱོང་བྱ་བ་སྤེལ་བ་དང་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་མང་སྤྱད་ནས། སློབ་ཁྲིད་ལ་ཡོང་མ་ཐུབ་པའི་ཏང་ཡོན་དག་ལ་གཅིག་བསྡུས་ཀྱིས“སློབ་ཁྲིད་ཁ་གསབ”བྱས།

དུས་ཚིགས་རང་བཞིན་གྱི་ཞོར་ལས་དང་ཐར་ཐོར་ངང་གླ་རྒྱག་པའི་ཏང་ཡོན་ལ་ཆེད་དུ་དམིགས་ཏེ། ཁྲི་ཀ་རྫོང་གིས་ཏང་ཀྲི་པུའུ་དང་ཟུང་དུ་སྦྲེལ་བའི་འབྲེལ་འཛུགས་ལམ་ལུགས་ཤིག་བཙུགས་པ་དང་། ཀྲི་པུའུ་ཨུ་ཡོན་གྱིས་ཞོར་ལས་གཉེར་བའི་ཏང་ཡོན་ལ་ཕན་ཚུན་ཁ་གཏད་རོགས་སྐྱོར་བྱས་ཏེ། ཏང་ཡོན་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་འབྲེལ་བ་འཛུགས་པར་ཤུགས་སྣོན་བྱས་ཤིང་། འགྱུར་ལྡོག་དང་འགུལ་རྣམ་གྱི་སྟེང་ནས་ཏང་ཡོན་གྱི་བསམ་བློ་དང་བྱ་བ་དང་འཚོ་བ་བཅས་ལ་འབྲེལ་བའི་གནས་ཚུལ་ཅི་ཡོད་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ལ། དུས་ཐོག་ཏུ་ཏང་ཀྲི་པུའུ་ཡི་རྩ་འཛུགས་ལ་ཏང་ཡོན་ཕྱི་རོལ་ན་ཡོད་པའི་དུས་ཀྱི་ཉིན་རྒྱུན་བྱ་བའི་རྣམ་འགྱུར་མཚོན་པའི་གནས་ཚུལ་དག་ཡར་ཞུ་བྱས་པ་དང་། དོ་དམ་ཞབས་ཞུ་མཚམས་མི་ཆད་པར་ཁག་ཐེག་ནན་མོ་བྱས།

གཞན་ཡང་། ཁྲི་ཀ་རྫོང་གིས་ད་དུང་ཞོར་ལས་གཉེར་བའི་ཏང་ཡོན་དོ་དམ་ཞབས་ཞུ་ལྟེ་གནས་བཙུགས་ཏེ། དུས་ཡུན་རིང་པོར་རྫོང་ནང་ཁུལ་གྱི་ཁེ་ལས་སུ་ཞོར་ལས་གཉེར་བའི་ཏང་ཡོན་རྣམས་ལ་དོ་དམ་བྱེད་རྒྱུ་གཙོ་བོར་བཟུང་བ་དང་། ཏང་ཡོན་གྱི་ཞོར་ལས་གཉེར་ས་དང་དེར་གཏོགས་པའི་ཏང་རྩ་འཛུགས་ལ“དོ་དམ་ཉིས་བརྩེགས”ལག་བསྟར་བྱས་ལ། རང་སྡོད་སའི་ཁེ་ལས་ཏང་རྩ་འཛུགས་ཀྱིས་གཏན་འཁེལ་གྱི་དུས་ཡུན་ནང་དུ་ཏང་ཡོན་སྡོད་པའི་ཀྲི་པུའུ་ལ་ཏང་ཡོན་དེའི་བསམ་བློའི་འགུལ་རྣམ་དང་ཉིན་རྒྱུན་གྱི་རྣམ་འགྱུར་འཛིན་སྟངས་གནས་ཚུལ་ཚུར་སྣང་བྱེད་དུ་བཅུག་ནས། མཐུན་སྦྱོར་འབྲེལ་མཐུད་བྱེད་པའི་སྒོ་ནས་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཅི་ཡོད་ཐག་གཅོད་གང་ལེགས་བྱས།

                                                                                                                      རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།