ཕུགས་བསམ་ནི་སྟོབས་ཤུགས་ཡིན།
2020.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

—རྒྱལ་ཡོངས་ཀྱི་ཨོ་ལིན་ཕིག་ལུས་རྩལ་གཟེངས་རྟགས་ཐོབ་མཁན་གྱི་བོད་རིགས་ལུས་རྩལ་པ་ཐོག་མ་ཆོས་དབྱིངས་སྐྱིད།

པེ་ཅིན་དུས་ཚོད་ཀྱི་ཟླ9པའི་ཚེས30ཉིན་གྱི་ཞོགས་པར། ཁ་ཐར་ཏེ་ཧ་ནས་བསྡུས་པའི2019ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་རྩེ་གྲའི་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་མཇུག་རྫོགས་པ་དང་།     ལིའུ་ཧུང་དང་ཆོས་དབྱིངས་སྐྱིད། དབྱང་ལིའུ་ཅིང་གསུམ་གྱིས་སྐར་ལྔའི་དར་དམར་རྒྱབ་ལ་གཡོགས་ཏེ་ཕན་ཚུན་ལ་དམ་དུ་འཁྱུད།     རྣམ་པ་དེ་མཐོང་བས་རྒྱལ་ཡོངས་ཀྱི་མི་མང་ལ་སེམས་འགུལ་ཐེབས།ཐེངས་འདིར་ཨང་གཉིས་པ་ལས་དང་པོ་ལེན་མ་ཐུབ་ཀྱང་ཆོས་དབྱིངས་སྐྱིད་ངུས་མ་བྱུང་།ཆོས་དབྱིངས་སྐྱིད་ལ་མཚོན་ན།     འདི་ནི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་རྩེ་གྲའི་འགྲན་ཚོགས་ལ་ཞུགས་ཐེངས་གསུམ་པ་རེད།     འདུར་རྒྱུག་གི་རྣམ་གྲངས་ལ་ཞུགས་ནས་ལོ་ངོ་བཅུ་ཕྱིན་པའི་རིང་དུ།     ཆོས་དབྱིངས་སྐྱིད་ལ་གྲུབ་འབྲས་ངོམ་དུ་རུང་བ་ཞིག་ཐོབ་ཡོད་ཀྱང་།     ལོ་ངོ་བཅུའི་ཡར་སྔོན་དུ། ཀྲུང་གོའི་འདུར་རྒྱུག་གི་མིང་ཐོའི་ནང་དུ་མོའི་མིང་ཤེས་མཁན་གཅིག་ཀྱང་མེད།“ངས་དང་ཐོག་སྦྱངས་པ་ནི་འདུར་རྒྱུག་མིན་པར་རྒྱང་རྒྱུག་ཡིན།”འདུར་རྒྱུག་གི་ལས་ལ་འཇུག་པ་ནི་མོ་ལ་མཚོན་ན་སྟེས་དབང་ཞིག་ཡིན་ཏེ།     “སྐབས་དེར་ང་ད་དུང་ལུས་རྩལ་སློབ་གྲྭ་རུ་ཡོད།     འདུར་རྒྱུག་རུ་ཁག་གིས་ལུས་རྩལ་པ་འདེམས་བཞིན་ཡོད་པ་དང་།     རྩལ་ཁྲིད་དགེ་རྒན་གྱིས་ང་ཀླུ་མོ་མཚོའི་རྒྱུག་རོགས་སུ་བཀོད་སྒྲིག་བྱས།”ཡིན་ནའང་།     སྤྱིར་བཏང་གི་རྒྱུག་རོགས་པ་ཞིག་བྱས་པས།     འཛམ་གླིང་གི་འདུར་རྒྱུག་འགྲན་སྡུར་ཁྲོད་ཀྱི་སྙན་གྲགས་འབར་བའི་ལུས་རྩལ་པ་ཞིག་ཐོན་པ་འདི་སུས་དཔོག་ནུས།“ད་ལྟ་བལྟས་ན། ངས་བསམ་བཞིན་འདུར་རྒྱུག་གི་རྣམ་གྲངས་འདི་འདེམས་པ་མིན་པར།     འདུར་རྒྱུག་གི་རྣམ་གྲངས་འདིས་ང་འདེམས་པ་དང་འདྲ།”ཆོས་དབྱིངས་སྐྱིད་ཀྱིས་དེ་ལྟར་འདས་དོན་ལ་ཕྱིར་དྲན་བྱས།2008ལོའི་ཟླ4པ་ནས་རྣམ་གྲངས་བརྗེ་མགོ་ཚུགས་ཤིང་། 2009ལོའི་ཟླ3པར་འདུར་རྒྱུག་གི་འགྲན་ར་ལ་ཐོག་མར་ཞུགས། ཟླ11ཙམ་འགོར་རྗེས།     རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་སྡུར་ལ་དངོས་སུ་ཞུགས།     མོ་ལ་ཨང་བཞི་པ་ལས་མ་ཐོབ་ནའང་རྒྱུག་ཐེངས་གཅིག་གིས་སྙན་གྲགས་འབར། དེ་ནས་བཟུང་།     ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་ཚོགས་ཆེ་མ་ཆུང་གསུམ་ཁྲོད་ནས།     གཟེངས་རྟགས་གྲངས་མེད་བླངས་ཏེ། རྒྱལ་ཁབ་དང་ཕ་ཡུལ་ལ་གཟི་དཔལ་གྲངས་མེད་བསྣན།“ད་ལྟ། ངའི་ནུས་རྩལ་ལ་གནད་དོན་ཅི་ཡང་མེད་པས།     འགྲན་རའི་ནང་ནས་རང་གི་འགྲན་སྡུར་ལ་བློ་རྩེ་གཏད་པས་ཆོག་སྟེ།     ཤན་འབྱེད་པ་གང་ན་ཡོད་མེད་ལ་གཏན་ནས་འདང་རྒྱག་མི་དགོས།”ཆོས་དབྱིངས་སྐྱིད་ཀྱི་བཞིན་མདངས་ནི་དེ་འདྲ་བབ་ཆགས་ལ།     འཛུམ་དམངས་ལ་དེ་འདྲའི་གདེང་ཚོད་ཀྱིས་ཁེངས།ལོ11རིང་གི་མྱོང་བརྒྱུད་ཁྲོད།     གཙུབ་བརྡར་གྱི་སྦྱོང་བ་ཐོབ་ཅིང་དགའ་སྐྱོའི་འབྲས་བུ་མྱངས་པ།     བརྟན་གཡོའི་སོམ་ཉིར་ཚུད་ཅིང་འགྲོ་འོང་གི་ཁ་ཕྱོགས་རྙེད་པ་བཅས་ཀྱིས།     མོའི་གཤིས་སུ་ཆགས་པའི“ལུས་རྩལ་པའི་ནང་གི་ཨ་ཅེ་ཆེ་བའི”ཟིལ་ཤུགས་དེ་བསྐྲུན་པ་རེད།ཉེ་སྔོན། 2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་ཚོགས་ཀྱི་འཛམ་གླིང་འགྲན་སློང་འགྲན་སྡུར་གྱི་ལོ་གཅིག་གི་སྤྱིའི་ཨང་རིམ་བསྒྲགས་པ་དང་།     ཆོས་དབྱིངས་སྐྱིད་ལ་སྐྱེས་མའི་ཚན་ཁག་གི་ལོ་གཅིག་གི་ཨང་དང་པོ་ཐོབ་ཡོད།     ཨང་རིམ་དེ་ནི་ད་ལོའི་འདུར་རྒྱུག་གི་འགྲན་སྡུར་སྣ་ཚོགས་ཀྱི་གྲུབ་འབྲས་སྡོམ་རྩིས་བྱས་ནས་བསྒྲིགས་པ་རེད།     ཆོས་དབྱིངས་སྐྱིད་ཀྱི་འདས་སོང་གི་འགྲན་སྡུར་གྲུབ་འབྲས་དག་ལ་བལྟས་ན། 2012ལོར་ལོན་ཏོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལས་དངུལ་གྱི་རྟགས་མ་བླངས་པའི་རྗེས་ནས་བཟུང་།     ཆོས་དབྱིངས་སྐྱིད་ཀྱི་རྩལ་འགྲན་སྟོབས་ཤུགས་ཤིན་ཏུ་བཟང་ལ་གྲུབ་འབྲས་ཀྱང་ཤིན་ཏུ་བརྟན་པ་མཐོང་ཐུབ།     “ལོ་འདི་དག་གི་རིང་ལ།     ང་ལ་མྱོང་ཚོར་ཟབ་མོ་ཞིག་སྐྱེས་པ་ནི་ཆུ་ཚད་སྲུང་འཛིན་བྱ་བ་ནི་མཐོར་འདེགས་གཏོང་བ་ལས་ཀྱང་དཀའ་བ་དེ་རེད།”ལོ11གི་རིང་ལ། འགྲན་རའི་ནང་དུ་ཞུགས་ཐེངས་རེར།     མོའི་དམིགས་ཡུལ་དང་བསམ་འདུན་ལ་ནམ་ཡང་འགྱུར་བ་ཡོད་མ་མྱོང་། “འགྲན་སྡུར་ལ་ཞུགས་པ་ནི་གསེར་གྱི་རྟགས་མར་དམིགས་པ་ཡིན།     འགྲན་རའི་ནང་དུ་ཞུགས་ཚེ་སྐྲག་ས་གཞན་ཡོད་པ་མ་རེད།     འགྲན་ཡ་ཆེས་བཙན་པ་ནི་རང་ཉིད་ཡིན།     རང་ཉིད་ཀྱི་ཆེས་བཟང་བའི་འགྲན་རྩལ་དང་ཉམས་མདངས་ངོམ་དགོས།     རྒྱུ་མཚན་ནི་ང་ཀྲུང་གོ་དང་མཚོ་སྔོན་གྱི་ཚབ་ཏུ་ལངས་ཡོད་པ་རེད།”དེ་བས་འགྲན་སྡུར་གང་ལ་ཞུགས་ན་ཡང་།     ཆོས་དབྱིངས་སྐྱིད་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བྱེད་ཐབས་སྣ་ཚོགས་ཀྱི་ལམ་ནས་འགྲན་རྩོད་གདོང་གིས་བསུས་ཏེ་འགྲན་ཡ་ལས་བརྒལ་ཅི་ཐུབ་བྱེད།རྨས་སྐྱོན་ནི་ལུས་རྩལ་པ་ཞིག་ལ་མཚོན་ན་ཉེན་ཁ་ཆེས་ཆེ་བའི་འགྲན་ཡ་དེ་ཡིན།     ད་ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་རྩེ་གྲའི་འགྲན་ཚོགས་སླེབས་ལ་ཉེ་དུས།     སྦྱོང་བརྡར་གྱི་སློབ་ཐུན་ཞིག་གི་སྐབས་སུ་ཆོས་དབྱིངས་སྐྱིད་ཀྱི་བརླ་ཤ་ལ་འཐེན་འགྲིམས་ཤོར་ཏེ་རྨས།     འགྲན་སྡུར་སླེབས་ལ་ཉེ་དུས།     མོས་སྦྱོང་བརྡར་གྱི་མཚམས་བཞག་ནས་རྨས་སྐྱོན་སླར་གསོ་བྱེད་དགོས་པར་ཐུག “ཉིན་བརྒྱད་པོ་དེའི་རིང་ནི་ང་ལ་མཚོན་ན་ངའི་ཚེ་ཐོག་འདིའི་ཆེས་རིང་བའི་ཉིན་བརྒྱད་རེད”བྲེལ་འཚུབ་དང་གཏོལ་མེད་ཀྱི་སྣང་བས་དུས་མཚམས་ངེས་མེད་དུ་མོའི་གདེང་ཚོད་ལ་རྡུང་རྡེག་གཏོང་བཞིན་མཆིས་ཀྱང་།     མོ་ལ་སེམས་ཀྱི་འདུན་མ་བསྐྱུར་བའི་དྲན་ཚུལ་སྐྱེས་མ་མྱོང་།མི་ཞིག་གི་སྐད་ཆས་མོ་ལ་རྒྱབ་སྐྱོར་དང་འདུག་རོགས་བྱེད་ཀྱིན་ཡོད།     མི་དེ་ནི་འགྲན་སྡུར་ཁྲོད་ཀྱི་འགྲན་ཡ་རྙིང་པ་དང་འཚོ་བའི་ནང་གི་གྲོགས་བཟང་པོ་ལིའུ་ཧུང་རེད།     “ལིའུ་ཧུང་ནི་ངའི་སེམས་རྟེན་ལྟ་བུ་ཡིན།     མོའི་གཤིས་སུ་ངས་སློབ་འོས་པའི་ཡོན་ཏན་ཤིན་ཏུ་མང”དོན་དུ་མི་རེ་རེའི་སེམས་སུ་དེ་འདྲའི་མི་རེ་ཡོད་སྲིད།     ལིའུ་ཧུང་གི་འགྱུར་མེད་བློ་བརྟན་དང་བརྩོན་པ་རྒྱུན་འཁྱོངས་ཀྱིས་མོ་ལ་རང་སེམས་ཀྱི་དམིགས་ཡུལ་དེ་གོ་རུ་བཅུག་ཅིང་།     རང་སེམས་ཀྱི་དྲ་བ་དུམ་བུར་ཆོད་དེ་སྔར་ལས་ལྷག་པའི་བརྟན་བརླིང་བབ་ཆགས་ཤིག་ཏུ་འགྱུར་བར་ཕྱོགས།“ཆོས་དབྱིངས་སྐྱིད་ནི་ང་ཚོའི་སེམས་ནང་གི‘ལྷ་མོ’ཡིན། ང་ཚོའི་རུ་ཁག་གི་ལུས་རྩལ་པ་མང་པོ་ཞིག་ནི་ཆོས་དབྱིངས་སྐྱིད་ཀྱི་བག་ཆགས་ཐེབས་པས་ད་གཟོད་འདུར་རྒྱུག་གི་ལམ་དུ་བསྐྱོད་པ་ཡིན”མོའི་དཔུང་གྲོགས་ཀླུ་མོ་མཚོ་ཡིས་དེ་ལྟར་བཤད་ལ།     ཆོས་དབྱིངས་སྐྱིད་ཀྱིས་མོ་ལ་ཐེབས་པའི་བག་ཆགས་ནི་ཤིན་ཏུ་ཟབ་སྟེ།     མོའི་སྡུག་རུས་དང་བརྩོན་པ།     འདུན་མ་མི་གཏོང་བའི་འགྱུར་མེད་ཀྱི་བརྟན་ཚུགས་བཅས་ཀྱིས་ཐེངས་གཅིག་མིན་དུ་མོའི་ཡིད་མཚོ་སྐྱོམ་པར་བྱས་མྱོང་ཟེར།     ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་རྩེ་གྲའི་འགྲན་ཚོགས་མཇུག་བསྒྲིལ་རྗེས།     ཆོས་དབྱིངས་སྐྱིད་ཕ་ཡུལ་དུ་ལོག     འགྲན་དུས་རྫོགས་ཐེངས་རེར་ཕ་ཡུལ་དུ་ལོག་ནས་གཟའ་འཁོར་གཅིག་ལ་བཟའ་མི་ལྷན་འཛོམས་ཀྱི་འཚོ་བ་རོལ་ཆོག་པ་དེ་ནི་མོ་ལ་མཚོན་ན་རིན་ཐང་བྲལ་ཞིང་རྒྱས་སྤྲོས་ཆེ་བའི་འཚོ་བ་ཞིག་ཏུ་གྱུར་ཡོད།     ལོ་ངོ10ཡི་རིང་ལ་ཁྱིམ་མི་དང་མཉམ་དུ་ལོ་སར་མ་མྱོང་བའི་མོ་ལ་མཚོན་ན།     ད་ལོར་ཡང་ཡུལ་ཕྱོགས་གཞན་ནས་ཁྱིམ་མི་ལ་བརྙན་དང་ཁ་པར་བཏང་ནས་ལོ་སར་ལ་སྒུག་དགོས་པ་སྨོས་ཅི་དགོས།ཟླ11པའི་ཚེས12ཉིན། ཆོས་དབྱིངས་སྐྱིད་དབྱི་ཐ་ལི་ལ་རྡོག་མགོ་བཙུགས་ནས་དགུན་ཁའི་སྦྱོང་བརྡར་གྱི་མགོ་བརྩམས།     དགུན་ཁ་འདི་ནི་མོ་ལ་མཚོན་ན་ཤིན་ཏུ་གལ་ཆེ་སྟེ། སང་ལོའི་ཟླ3པར་མོ2020ལོའི་ཏུང་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་ཐོན་འགྲན་སྡུར་ལ་ཞུགས་དགོས།     ལུས་རྩལ་པ་རྒན་པ་ལིའུ་ཧུང་གི་རྩལ་རྒས་མེད་ལ། གསར་སྐྱེས་པ་དབྱང་ལིའུ་ཅིང་སོགས་སྐྱེ་སྒང་དུ་ཡོད་པས།     འདེམས་ཐོན་འགྲན་སྡུར་དེ་འདྲ་ནི་དངོས་གནས་ཛ་དྲག་ཅིག་ཡིན་པ་སྨོས་མ་དགོས། “དོན་གྱིས་རང་སེམས་ཀྱི་དམིགས་འབེན་དེ་གསལ་བོར་ངེས་ཚེ།     ཅི་བྱུང་ཐམས་ཅད་ནི་རང་བཞིན་གྱིས་འཁོར་འོང་བ་ཞིག་ཡིན་ངེས།     ཏུང་ཅིང་ཨོ་ལིན་ཕིག་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་དུས། ཕུགས་བསམ་ནི་མ་གཞི་ནས་སྟོགས་ཤུགས་ཤིག་ཅི་ལ་མིན།”ཆོས་དབྱིངས་སྐྱིད་ནི་ཀྲུང་གོའི་སྐྱེས་མའི་ཕྲེང་གྲུག་གི་རྩལ་ཁྲིད་དགེ་རྒན་ལང་ཕིང་གིས་བཤད་པའི་སྐད་ཆ་ཞིག་སྟེ།     “གཟེངས་རྟགས་ལེན་སའི་སྟེགས་བུ་ལས་བབས་རྗེས།     ཡོད་ཚད་ཐོག་མ་ནས་བསྐྱར་དུ་མགོ་རྩོམ་དགོས”ཞེས་པ་འདི་ལ་ཤིན་ཏུ་དགའ། ཕུགས་བསམ་གྱི་ཆེད་དུ་བཏོན་པའི་རྔུལ་ཆུ་མཐའ་དག་ནི་སྔར་ལས་ལྷག་པའི་ཕུགས་བསམ་མང་པོ་ཞིག་འགྲུབ་པའི་ཆེད་དུ་ཡིན་སྲིད།     ད་ལྟ་མོས་པེ་ཅིན་ལུས་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་བསླབ་གནས་ལ་འཇུག་བཞིན་ཡོད་ལ།     ཆེད་ལས་ནི་ལུས་རྩལ་སློབ་གསོ་རེད། མོས་མ་འོངས་པར་དགེ་རྒན་ཞིག་བྱེད་འདོད་པར་བཤད།     དེ་ཡང་ཕུགས་བསམ་ཞིག་མ་ཡིན་ནམ། །

                                                                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།