མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བཅུ་བཏོན་ནས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་དོན་ལ་ཤུགས་སྣོན་བྱས།
2020.01.06 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 15

 ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མ་མཐའི་འགན་སྲུང་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འགན་ལེན་བྱ་ཆེད། 2019ལོའི་ཟླ12ཚེས30ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཚན་དྲུག་དང་མཉམ་དུ《གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མ་མཐའི་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མ་མཐའི་འགན་སྲུང་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་རྒྱུའི་ཐད་བྱེ་བྲག་གི་བྱེད་ཐབས་བཅུ་བཏོན་པ་རེད།

《བརྡ་ཐོའི》ནང་ནན་གྱིས་བསྟན་དོན། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གཞི་རྩའི་འཚོ་བའི་ཁེ་དབང་འགན་སྲུང་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱེད་པ། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲིད་གཞུང་གི་རོགས་སྐྱོར་དང་རང་ཁ་རང་གསོ་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་ནས་ཁྱོན་ཡོངས་ནས་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱེད་དགོས།

གཅིག གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཀྱིས་ལག་ལེན་བསྟར་བའི་མ་མཐའི་འཚོ་བ་འགན་སྲུང་སྲིད་ཇུས་ཚང་མ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཁྱབ་པ་དང་ཆབས་ཅིག ལས་ཞུགས་སམ་ཡང་ན་ལས་གཏོད་བྱས་རྗེས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལས་བརྒལ་བར“མ་མཐའི་འཚོ་བ་འགན་སྲུང་ལོ་གཅིག་ལས་ཉུང་དུ་མི་འགྲོ་བའི”ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

གཉིས། གནས་སྐབས་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “མཐའ་སྲུང་དང་མྱུར་སྐྱོབ་”ཀྱི་ནུས་པ་འདོན་སྤེལ་བྱེད་པ། དེ་དག་གི་འཚོ་བའི་དཀའ་ངལ་གྱི་གནས་སུ་ལྷུངས་ཚུལ་ཞི་ལྷོད་དུ་གཏོང་བ་དང་། ལས་གཏོད་ལས་ཞུགས་ཀྱི་འབྱུང་འགྱུར་སེམས་ཁྲལ་སེལ་བར་རོགས་རམ་བྱས་ཏེ། གཞི་རྩའི་འཚོ་བའི་འགན་སྲུང་གི་མ་མཐའི་མཚམས་ཐིག་དངོས་གནས་བསྲུང་དགོས།

གསུམ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པར་ཤུགས་སྣོན་བརྒྱབ་པ། ཆ་རྐྱེན་དང་མཐུན་པའི་གཟིགས་སྐྱོང་བྱ་ཡུལ་དེ་དམིགས་བསལ་དཀའ་ངལ་ཡོད་པའི་གཟིགས་སྐྱོང་ཁྱབ་ཁོངས་སུ་བཅུག་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་ཁ་གསབ་དང་ནད་གཡོག་གི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“གསོ་དགོས་རིགས་ཚང་མ་གསོ་བ་དང་རོགས་སྐྱོར་བྱེད་དགོས་རིགས་ཚང་མ་རོགས་སྐྱོར་བྱེད་པའི”འགན་ལེན་བྱས་པ་རེད།

བཞི། དབང་པོ་སྐྱོན་ཅན་གྱི་ཕན་བདེའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་དགོས། ད་ཡོད་ཀྱི་དམངས་སྲིད་ཞབས་ཞུའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བསྡུ་སྒྲིལ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཉམས་ཞན་ལ་རོགས་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ནང་ཧུར་ཐག་གིས་ཞུགས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་མཉམ་དུ་གཅེས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

ལྔ། སྨན་བཅོས་རོགས་སྐྱོབ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། འགན་བཅོལ་ནང་ཞུགས་པ་དང་། སྒོ་བསྟེན་སྨན་བཅོས་རོགས་སྐྱོབ་དང་སྨན་ཁང་དུ་ཞག་སྡོད་ལ་རོགས་སྐྱོབ། ནད་གཞི་ཚབས་ཆེན་ལ་སྐྱོབ་རོགས་བཅས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།

དྲུག ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་ལས་གནས་དང་། འགན་བཅོལ་སྤྲོད་པ། སྤྱི་ཚོགས་འགན་བཅོལ་ཁ་གསབ་སོགས་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཟོས་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་གྱི་ལོ་འདི་གའི་སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སོགས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

བདུན། སྡོད་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་དང་ཡོང་འབབ་དམའ་བའི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གིས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་འབྲིང་དམའི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། ཆ་རྐྱེན་དང་འཚམ་པའི་ལས་ཞུགས་གསར་པའི་ཁང་པ་མེད་པའི་ལས་བཟོ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ བྱས་ནས་ཁང་པ་མེད་པའི་ཕྱི་ནས་ཡོང་བའི་ལས་མིའི་སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

བརྒྱད། སློབ་གསོའི་རོགས་དངུལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། སློབ་གསོའི་སྡེ་ཚན་གྱིས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་སློབ་མར་དམིགས་ནས་སློབ་གསོའི་རོགས་དངུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲིང་རིམ་ལས་རིགས་ཀྱི་གོ་གནས་མཐོ་རུ་གཏོང་བའི་བགྲོད་ལམ་རྒྱ་བསྐྱེད་པ། ལས་རིགས་སློབ་གསོ་ལག་བསྟར་བཅས་བྱེད་དགོས།

དགུ། ཐོན་ཁུངས་སྣ་ཚོགས་ལ་རོགས་སྐྱོར་བྱེད་པའི་ནུས་པ་རིགས་དབྱེ་འདོན་སྤེལ་བྱེད་དགོས། བཟོ་ཚོགས་ཀྱི་རོགས་སྐྱོར་དང་། སྤྱི་ཕན་དགེ་སྒྲུབ་རོགས་སྐྱོར། སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་བཅས་ཕྱོགས་གསུམ་ནས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཕྱོགས་མང་པོ་དང་རིམ་པ་མང་བའི་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས།

བཅུ། ལམ་ལུགས་སོ་སོར་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྲིད་ཇུས་ཁག་གི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་དང་། ལས་ཞུགས། དཀའ་ངལ་ཡོད་པའི་ལས་བཟོ་བའི་ལམ་ལུགས་བཅས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བར་བླང་བྱ་ཁ་གསལ་བཏོན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།