ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ”ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། གྲོས་ཚོགས་ལས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་གཙོ་ཐིག་འདི་ལ་དམ་པོར་སྦྲེལ་བ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ”ཡི་བརྗོད་གཞི་འདི་ལ་དམིགས་ཏེ། “བསམ་འདུན་སྲུང་། འགན་འཁྲི་འཁུར། ཧེ་བག་འཚོལ། དོན་འཁྱོལ་བྱེད”པའི་སྤྱིའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ལ། གཞུང་ལུགས་སློབ་སྦྱོང་ལ་ཐོབ་བྱ་ཡོད་པ་དང་། བསམ་བློའི་ཆབ་སྲིད་ལ་ཉམས་སད་ཐེབས་པ། ལས་སྒྲུབ་ལས་སྐྲུན་ཐེག་ཁུར་ཐུབ་པ། དམངས་ལ་ཞབས་ཞུ་བསྒྲུབས་ཏེ་དཀའ་གནད་སེལ་བ། དྭངས་གཙང་སྤྱོད་བཟང་སྒོས་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་འབེན་ལ་གཞོལ་ཏེ། “གཤིབ་བསྡུར་བཞི”དང“འཚོལ་བ་བཞི”ཡི་བླང་བྱ་ལྟར། བསམ་བློ་བརྗེ་རེས་དང་། གནད་དོན་ཞིབ་བརྟག དབྱེ་ཞིབ་གཏིང་ཟབ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོ་དང་ལྷན་དུ་གླེང་མོལ་བྱས་ལ། བརྟག་དཔྱད་དང་བསམ་གཞིག་བཏང་ཞིང་། གཏམ་བཤད་རྒྱུ་ཆ་བྲིས། གྲོས་ཚོགས་ལས་ཐོག་མར《2019ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》དང《ཕྱི་ཚུལ་རིང་ལུགས་མངོན་གསལ་ཡིན་པའི་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་བྱ་བའི་གནོན་ཤུགས་ཇེ་ཡང་དུ་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་ཞིབ་བྱས། དེའི་རྗེས་སུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་པ་དང་། བླང་བྱ་ལྟར་གཤིབ་བསྡུར་ལྟ་བཤེར་བྱས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཕྱོགས་བདུན་ལ་དམིགས་ཏེ་གཏམ་བཤད། གཅིག་ནི་གཞུང་ལུགས་ཀྱི་དྲག་ཆས་སྤྲོ་བར་ཤུགས་བསྣན་ཏེ། ཕུགས་བསམ་དང་དད་འདུན་བརྟན་པོར་གཏོང་བའི་གནས་ཚུལ། གཉིས་ནི“འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་པའི་གནས་ཚུལ། གསུམ་ནི་ལས་འགན་ལག་བསྟར་དང་། ཁག་ཁུར་བྱེད་སྟངས་ཀྱི་གནས་ཚུལ། བཞི་ནི་དགོངས་དོན་ཡིད་ལ་དམ་འཛིན་དང་། དམངས་ལ་ཞབས་ཞུ་སྒྲུབ་པའི་གནས་ཚུལ། ལྔ་ནི་ལམ་ལུགས་ཀྱི་དབང་གྲགས་ལ་སྣེ་ཁྲིད་དེ་སྲུང་སྐྱོང་བྱེད་པ་དང་། བཅོས་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བའི་གནས་ཚུལ། དྲུག་ནི་དབང་ཆ་དྲང་གཞག་གིས་སྤྱོད་པ་དང་། དྭངས་གཙང་སྤྱོད་བཟང་ཡོང་དགོས་པའི་གནས་ཚུལ། བདུན་ནི་ལས་བགོས་བྱ་བར་ཟུང་འབྲེལ་དང་ཐ་ན་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་རང་བཞིན་གྱི་གཙོ་གནད་བྱ་བར་ཟུང་འབྲེལ་གྱིས་སོ་སོའི་བསམ་གཞིག་དང་བསམ་ཚོད་གླེང་བ་བཅས་ཡིན།
ཞི་ཅིན་ཕེན་གྱིས་གསུང་བཤད་གནང་བའི་ཁྲོད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གཤིབ་བསྡུར་ལྟ་བཤེར་བྱས་པར་སྤྱི་བསྡོམས་བྱས་པར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།གཞི་རིམ་ལ་དཀའ་ལས་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་བཅད་དེ། དངོས་གནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་ལ་བླང་བྱ་བཏོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་བཟང་ལ། ཕན་འབྲས་ཤིན་ཏུ་ཆེ། ཚང་མས་སྔོན་དུ་གྲ་སྒྲིག་གང་ལེགས་བྱས་ཡོད་སྟབས། ངོས་ཟིན་དང་མྱོང་ཚོར་གླེང་བ་ཟབ་ལ་དོན་དང་ལྡན། གནད་དོན་དང་མི་འདང་ས་འདོན་སྐབས་འཛེམ་བག་དང་སྦ་གསང་མི་བྱེད་ལ། དག་ཐེར་ལེགས་བཅོས་དང་དངོས་འབེབས་དམ་འཛིན་བྱེད་སྐབས་ཐད་ཀར་གནད་དོན་ལ་དམིགས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དྲང་པོ་དྲང་གཞག་ཡིན་ལ། བྱ་བའི་བསམ་ཚུལ་བཏོན་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གྲུབ་འབྲས་གཙང་བཤེར་དང་། བསམ་བློ་བརྗེ་རེས། གནད་དོན་ཞིབ་བརྟག ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད་སྟབས་སྔོན་དཔག་དམིགས་འབེན་ལ་སླེབས་ཡོད་པར་བསྟན།
ཞི་ཅིན་ཕེན་གྱིས་བསྟན་དོན། ཕུགས་བསམ་དང་དད་འདུན་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་དང་། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་གྱི་ངོ་བོའི་བླང་བྱ་ཡིན། གུང་ཁྲན་ཏང་མི་ལ་བླ་ན་མེད་པ་དང་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་འདུན་ལྡན་ཚེ། ད་གཟོད་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཐུབ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ནི་ངེས་སྦྱོང་སློབ་ཚན་དང་རྒྱུན་སྦྱོང་སློབ་ཚན་དུ་བརྩིས་ཏེ། དུས་རྒྱུན་བཀའ་དྲིན་ཞུ་བ་དང་ཐོག་མའི་བསམ་འདུན་སྲུང་འཛིན་དང་། དུས་ཐོག་ཏུ་ནོར་འཆུག་ཡོ་བསྲང་དང་སྟོབས་སྐྱེད་ཁམས་གསོ་བྱེད་དགོས། ཕུགས་བསམ་དང་དད་འདུན་གྱི“སྤྱིའི་གློག་སྒོ”དམ་འཛིན་བྱས་ཏེ། ཡིན་མིན་བདེན་རྫུན་གྱི་མདུན་དུ་ལངས་ཕྱོགས་གསལ་བ་དང་གནད་འགག་གི་གནས་སུ་ཞུམ་པ་མེད་པ། བསླུ་བྲིད་སྣ་མང་གི་མདུན་དུ་ལངས་ཕྱོགས་བརྟན་ལ། གནད་འགག་གི་དུས་སུ་ཏང་གིས་ཡིད་ཆེས་དང་བློ་གཏད་ཆོག་པ་ཞིག་བྱེད་དགོས།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་ཞེས་པའི་ཡང་སྙིང་ནི་མི་སུ་ཞིག་གི་ཆེད་དང་སུ་ཞིག་ལ་བརྟེན་པའི་གནད་དོན་ཡིན། མང་ཚོགས་ཀྱི་སེམས་ཁམས་གཙོ་བོར་འཛིན་པ་དང་མི་དམངས་དང་མཉམ་དུ་འཚོ་སྡོད་བྱེད་པ། ལས་དབང་གཅིག་ཏུ་ལྟ་བ་དང་སེམས་པ་གཅིག་ཏུ་སྦྲེལ་བ་ནི་ཏང་གི་ཐོག་མའི་བསམ་འདུན་ཡིན་ལ། ཏང་གི་སྙིང་རུས་བརྟན་པོའང་ཡིན། གནད་དོན་ལ་བསམ་གཞིག་གཏོང་བ་དང་ཇུས་ཆོད་འདོན་པ། བྱ་བ་སྒྲུབ་པ་བཅས་གང་བྱེད་ཀྱང་མང་ཚོགས་ཀྱི་ལངས་ཕྱོགས་སུ་འགྲེངས་ནས། ཐབས་ལམ་སྣ་མང་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་དང་རེ་བ། སྐྱོན་བརྗོད་དང་བསམ་ཚུལ་ལ་རྒྱུས་ལོན་བྱེད་པ། བདེན་འཛིན་དངོས་སྒྲུབ་ཀྱིས་དམངས་ཀྱི་དཀའ་ངལ་བསལ་བ་དང་སྐྱོ་བ་བསངས་པ། དམངས་སེམས་དྲོ་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་བརྟན་པོ་དང་ཁག་ཐེག་ཡོད་པ། རྒྱུན་མཐུད་ཆོག་པ་བཅས་བྱེད་དགོས།
ཞི་ཅིན་ཕེན་གྱིས་བསྟན་དོན། ལས་བྱེད་པར་འགན་འཁྲི་ཡོད་དགོས་ཏེ། འགན་འཁྲི་ཅི་འདྲ་ཆེ་ན་བྱ་གཞག་དེ་འདྲའི་ཆེན་པོ་བསྒྲུབ་ཐུབ་ལ། འགན་འཁྲི་ཅི་འདྲ་ཐེག་ན་གྲུབ་འབྲས་དེ་འདྲའི་ཆེན་པོ་ལེན་ཐུབ། མིག་སྔར། ཕྱོགས་ཡོངས་ནས་བལྟས་ན། ཏང་ཡོན་དང་ལས་བྱེད་པའི་དཔུང་སྡེའི་སྙིང་སྟོབས་ཀྱི་རྣམ་པ་བཟང་མོད། འོན་ཀྱང་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ལ་ད་དུང་ཡང་བྱེད་སྟངས་མི་ལེགས་པ་དང་རྣམ་གཡེང་བྱེད་པ། ཐ་ན་ཕྱིའི་རྣམ་པ་ཙམ་སྟོན་པའི་གནད་དོན་གནས་ཡོད། དེར་ང་ཚོས་ངེས་པར་དུ་ཚད་མཐོན་པོས་གཙིགས་ཆེན་དང་དངོས་གནས་ཐག་གཅོད་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ། ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས་བདེ་སྡོད་ཉེན་བསམ་གྱི་ཆབ་སྲིད་ཀྱི་ཀླད་པ་གསལ་པོ་དང་། ཕ་བོང་ལྟར་སྲ་ཞིང་བརྟན་པའི་འཐབ་ཇུས་ངེས་ཤུགས་ལ་བརྟེན་ནས། འཐབ་རྩོད་བྱེད་ཕོད་པའི་འབད་བརྩོན་གྱི་སྙིང་སྟོབས་དང་འགག་སྒོ་སྒྲོལ་ཕོད་པའི་སྙིང་སྟོབས་ཀྱིས། བཙན་རྫོང་གཏོར་ཏེ་དམག་སྒར་གནས་སྤོ་བྱེད་དགོས། ཉེན་ཁའི་འགྲན་སློང་དང་བྱ་བའི་དཀའ་ཁག འགལ་བའི་འཐབ་རྩོད་ཆེན་པོ་ལ་འཕྲད་ཚེ། དུས་ཐོག་ཏུ་ཞིབ་འཇུག་དང་སྔོན་ཇུས་བཏོན་ནས་བྱ་བ་སྒྲུབ་པ་ལས་ཕྱིར་སྣུར་དང་བསྐོར་ནས་འགྲོ་བ། དེ་མིན་དཔའ་ཞུམ་པ་དང་འཇིགས་སྣང་སྐྱེས་པ་སོགས་བྱེད་མི་རུང་།
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ནི་སྔར་བྱུང་མ་མྱོང་བའི་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ལའང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཕྱོགས་སོ་སོའི་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོས་རྒྱལ་ཁབ་ཀྱི་ལམ་ལུགས་འཛུགས་སྐྲུན་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྟེང་ནུས་ཤུགས་བཏོན་ནས། ང་ཚོའི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།སྔར་ལས་བཟང་བའི་སྒོ་ནས་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ལམ་ལུགས་ཀྱི་ནུས་པ་འདོན་པར་གཙོ་བོ་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྔོན་ལ་སྣེ་འཁྲིད་བྱ་རྒྱུ་ནི་གནད་འགག་ཡིན་ཞིང་། ཆེས་གལ་ཆེ་བ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་མགོ་ཁྲིད་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་དང་། ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཀྱི་སྟེང་ནས་སྣེ་བཟང་པོ་འཁྲིད་རྒྱུ་དེ་ཡིན།
ཞི་ཅིན་ཕེན་གྱིས་བསྟན་དོན། མིག་སྔར། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བ་སྔར་ལས་ཆེད་ལས་ཅན་དང་ཆེད་གཉེར་ཅན། ཞིབ་ཕྲ་ཅན་དུ་གྱུར་པས། རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་དེ་ང་ཚོས་ཁ་ཕྱོགས་སུ་འཛིན་པ་དང་ཁྱོན་ཡོངས་ལ་དམིགས་པ། སྲིད་ཇུས་གཏན་འཁེལ་བྱེད་པ།བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བསྡུས་ནུས་པའི་སྟེང་མངོན་ལ། ང་ཚོས་ཕྱོགས་གཅིག་གི་དོན་དག་དང་སྣ་གཅིག་གི་བྱ་བ་ཐག་གཅོད་པའི་བྱེ་བྲག་གི་རྩལ་ནུས་སྟེང་ཡང་མངོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྤྱིའི་གནས་ཚུལ་ལ་བལྟ་བ་དང་སྤྱི་ཡོངས་ལ་དམིགས་པ། དོན་ཆེན་འཛིན་པ་བཅས་དང་ལྷན་དུ། སྤྱི་ཡོངས་ཀྱི་ངོས་ནས་ལས་བགོས་དོ་དམ་ཁྱབ་ཁོངས་སུ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བྱེ་བྲག་གི་བྱ་བ་ལེགས་འཛིན་བྱས་ནས། དངོས་ཡོད་གནད་དོན་རེ་རེ་ཐག་གཅོད་བྱས་པ་བརྒྱུད་ནས་བྱེ་བྲག་གི་བྱ་བ་རེ་རེར་སྐུལ་འདེད་བྱེད་པ་བཅས་ཀྱིས། ཁྱོན་ཡོངས་ཀྱི་བྱ་བར་ཞབས་འདེགས་ཞུ་དགོས། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་དང་མགོ་ཁུངས་བཅོས་སྐྱོང་བྱེད་པའི་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ནས་འཆར་བཀོད་འཐེན་པ་དང་། གཙོ་གཉེར་བྱེད་སའི་ས་གནས་དང་ལས་བགོས་དོ་དམ་བྱེད་སའི་ཁྱབ་ཁོངས་དང་སྡེ་ཁག་བཅས་ཀྱི་བྱ་བར་སྐུལ་འདེད་བྱེད་པར་མཁས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དེ་ས་གནས་དང་སྡེ་ཁག་གི་བྱེ་བྲག་གི་ལས་འགན་དུ་བསྒྱུར་མཁས་པར་བྱས་ནས། བྱ་བ་ཐག་གཅོད་པའི་ཁྲོད་ཀྱི་འགལ་བ་དང་གནད་དོན་གཙོ་བོ་དམ་འཛིན་བྱེད་དགོས། དངོས་འབེབས་ལེགས་འཛིན་བྱེད་པ་དེ་བྱ་བ་སྒྲུབ་པའི་ཐབས་ལམ་གཙོ་བོར་བརྩིས་ནས། བསམ་བློ་གཏོང་བ་དང་ཐབས་ལམ་འཚོལ་བ། རྩལ་ནུས་ངོ་མ་འདོན་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལས་བཏོན་པའི་ལས་འགན་རེ་རེ་ལེགས་འཛིན་བྱེད་པ་དང་། ཁྱད་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དང་དཀའ་ངལ་ལ་གདོང་གཏོད་ཕོད་པ། དཀའ་ཁག་བསལ་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས།
ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་ཉིད་ལ་རེ་བ་ནན་མོ་འཛིན་དགོས་པ་དང་། དུས་ནམ་ཡང་རང་བཀུར་རང་བརྟག་དང་རང་ཟོན་རང་སྐུལ་བཅས་བྱས་ཏེ། གཅིག་པུར་གཟབ་ནན་དང་ཐོག་མ་ནས་གཟབ་ནན། ཆུང་ས་ནས་གཟབ་ནན། གྲོགས་པོར་དོགས་གཟབ་བཅས་བྱེད་དགོས། རང་ཉིད་ནས་མགོ་བརྩམས་ཏེ་རྒྱུན་ཆད་མེད་པར་རང་ཉིད་གཙང་འགྱུར་དང་བློ་སྦྱོང་རང་གཅུན། སྤྱོད་གཙང་ཁྱིམ་སྐྱོང་། གཉེན་ཉེ་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་དོ་དམ་ལེགས་པོ་བཅས་བྱེད་དགོས།
ཞི་ཅིན་ཕེན་གྱིས་ནན་གྱིས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་ཏུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་རང་འགུལ་སྒོས་ཧེ་བག་འཚོལ་བ་དང་མི་འདང་ས་བཙལ་ཏེ། བྱ་བ་ལེགས་པོར་བསྒྲུབ་པར་བསམ་འཆར་དང་བསམ་ཚུལ་གྲོས་གཞི་ཧ་ཅང་ལེགས་པོ་མང་པོ་བཏོན་པ་དང་། ལ་ལ་ཀྲུང་དབྱང་གི་བྱ་བར་འབྲེལ་ལ། ལ་ལ་ནི་སྡེ་ཁག་གི་བྱ་བར་འབྲེལ་བ་དང་། ལ་ལ་ནི་ས་གནས་ཀྱི་བྱ་བར་འབྲེལ་ཡོད་པས། ཚོགས་འདུ་གྲོལ་རྗེས་དེ་མ་ཉིད་དུ་ཞིབ་འཇུག་བྱ་རྒྱུར་དམ་འཛིན་དང་བྱེད་ཐབས་འདོན་པ། བྱ་བ་ལེགས་སྒྱུར་བཅོས་གཏོང་བ་བཅས་བྱས་ནས་ཕན་འབྲས་དངོས་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།