2020ལོར་དམངས་ཚིས་བྱེད་ཐབས་གསར་པ་གང་དག་གིས་ང་ཚོའི་འབྱོར་འབྲིང་འཚོ་བར་དྲོད་སྐྱིད་སྦྱིན་རྒྱུ་ཡིན་ནམ།
2020.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

2020ལོ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ལོ་ཞིག་རེད། རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད། ལོ་འདིར། ང་ཚོའི་འཚོ་བར་འགྱུར་ལྡོག་ཅི་འདྲ་ཞིག་འབྱུང་སྲིད་པ་དང་། དམངས་ཚིས་བྱེད་ཐབས་གསར་པ་གང་དག་གིས་ང་ཚོའི་འབྱོར་འབྲིང་འཚོ་བར་དྲོད་སྐྱིད་སྦྱིན་ཐུབ་བམ།

2020ལོར་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་རེད།

2020ལོར་རང་རྒྱལ་གྱིས་དམག་ཤུགས་གཅིག་བསྡུས་བྱས་ཏེ་དབུལ་ཕོངས་ལས་ཐར་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། སྲིད་ཇུས་དང་མ་དངུལ་རྣམས“ལྗོངས་གསུམ་དང་ཁུལ་གསུམ”སོགས་དབུལ་ཕོངས་ཅུང་ཚབ་ཆེ་བའི་ས་ཁུལ་ལ་ཕྱོགས་ཏེ།  ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ་ཡིན་པ་དང་། དབུལ་ཐར་བྱེད་པའི་མི་གྲངས་ལ་གཟབ་ནན་སྒོས་ཞིབ་བཤེར་བྱས་ནས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།

མིག་སྔར། “ལྗོངས་གསུམ་ཁུལ་གསུམ”དུ་དབུལ་ཕོངས་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་ཡོད་པ་དང་། དབུལ་ཕོངས་སུ་གྱུར་ཚད་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་ཡོད་ལ། དབུལ་ཕོངས་ཀྱི་ཚད་རིམ་ཟབ་པ་དང་རྨང་གཞིའི་ཆ་རྐྱེན་ཞན་པ། དབུལ་ཕོངས་སུ་གྱུར་ཚད་རྙོག་འཛིང་ཡིན་པས་དབུལ་ཕོངས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།

2020ལོར། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་མུ་མཐུད་ཇེ་མང་དུ་བཏང་ནས། དབུལ་ཕོངས་ཅུང་ཚབ་ཆེ་བའི་ས་ཁུལ་གཙོ་གནད་དུ་བཟུང་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ་རེད། རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། དབུལ་ཕོངས་ཚབ་ཆེ་བའི་ས་ཁུལ་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། མུ་མཐུད་དུ“ལྗོངས་གསུམ་དང་ཁུལ་གསུམ”གྱི་དབུལ་ཐར་མཁྲེགས་གཏོར་གྱི་ལག་བསྟར་ཇུས་གཞི་དངོས་འབེབ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ། ལྷག་ལུས་དབུལ་ཕོངས་མི་སྣ་དང་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པའི་ལས་འགན་ལེགས་སྒྲུབ་བཅས་བྱ་རྒྱུ་རེད།

གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཞི་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས།

2020ལོར། རང་རྒྱལ་གྱིས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཞི་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས་པ་དང་། འབྲེལ་ཡོད་ཀྱི་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མགོ་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་བསྒྲགས་པ་ལྟར་ན། ནུས་པའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བར་གནད་ལ་འཁེལ་བའི་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས་པ་དང་། མགྱོགས་མྱུར་སྒོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ལེགས་གྲུབ་ཡོང་ཆེད་སྟོབས་ཤུགས་ཡོད་ཚད་འབུལ་དགོས།

ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་ལེགས་པོར་སྒྲུབ་ནས། ཨ་སྔོན་སྲུང་སྐྱོང་བྱ་བ་གཙོ་གནད་དུ་བཟུང་སྟེ། ནུས་ཤུགས་ཡོད་དགུས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་བ་ལེགས་པོར་སྒྲུབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་བྱ་བ་རྒྱུན་མཐུད་སྒོས་སྤེལ་དགོས།

“ཟས་རིགས་བདེ་འཇགས་ལ”འགན་སྲུང་བྱ་དགོས།

2020ལོར་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས“གཟབ་ནན་བཞིའི”བླང་བྱ་གཞིར་བཟུང་ནས། འབྲས་ཕྱེ་སྣུམ་དང་། ཤ སྒོ་ང་། འོ་མ། སིལ་ཏོག་དང་སྔོ་ཚལ། ཇ་སོགས་ཟས་རིགས་མང་པོར་དམིགས་ཏེ། འོ་མའི་ཐོན་རྫས་དང་ཤའི་ཐོན་རྫས། དེ་མིན་ཟས་རིགས་ཀྱི་སྤུས་ཚད་བདེ་འཇགས་ངང་མཐོ་རུ་གཏོང་བའི་བྱ་བ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། ཞིང་སྨན་དང་ཕྱུགས་སྨན་སྤྱོད་ཚད་ཉུང་དུ་གཏོང་བ་དང་ཐོན་ཡུལ་གྱི་ཁོར་ཡུག་གཙང་བཟོའི་བྱ་བ་སྤེལ་ནས། ཞིང་སྨན་དང་ཕྱུགས་སྨན་ཚད་ལས་བརྒལ་བ་དང་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་སོགས་ཀྱི་གནད་དོན་ལ་དམིགས་ཏེ། 2020ལོར་ཟས་རིགས་དུས་ནམ་ཞིབ་བཤེར་བྱས་ན་ཚད་གཞིར་སླེབས་ཚད་་བརྒྱ་ཆའི་གོ་བརྒྱད་ཟིན་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།

སློབ་གྲྭའི་ཟས་རིགས་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས། སློབ་གཙོའི་འགན་འཁུར་བ་དང་པོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། ཁྱིམ་བདག་ལྟ་སྐུལ་ནང་ཞུགས་རྒྱུར་སྐུལ་མ་བྱས་ཏེ། “དྲ་སྦྲེལ་དང་ཐབ་ཚང་གསལ་པོའི”ཁྱབ་ཚད་ཤུགས་ཆེན་པོའི་མཐོ་རུ་བཏང་སྟེ། བུ་བཅོལ་ཁང་དང་སློབ་ཆུང་དུ་མངོན་འགྱུར་འབྱུང་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་ཁག་ཐེག་བྱ་དགོས། ས་གནས་སོ་སོའི2020ལོར་ཟས་རིགས་བདེ་འཇགས་དཔེ་འཐེན་ཞིབ་བཤེར་བྱེད་ཚད་མི་སྟོང་རེར་ཐེངས་བཞི་རེ་ཟིན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་དགོས།

ནུས་ཤུགས་ཡོད་དགུས་ཁེ་ལས་ཀྱིས་སྤྱི་ཚོགས་དང་ལྷག་པར་དུ་འཛད་སྤྱོད་པར་ཡོངས་བསྒྲགས་ངང་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རང་བཤེར་སྙན་ཞུ་དང“མིང་ཐོ་ནག་པོའི”ལམ་ལུགས་རྒྱུན་འཁྱོངས་བྱེད་པ། བློ་བདེའི་ཟས་རིགས་སྒོ་རྩིས་ཚོང་ཁང་གིས་རང་ཉིད་ལ་ཁས་ལེན་བྱེད་པའི་བྱ་འགུལ་སྤེལ་བ། ཕྲུ་གུ་དམར་འབྱར་དང་བྱིས་པའི་ཟས་རིགས། ཤ་བཟོས་ཐོན་རྫས་ཆེ་གྲས་ཁེ་ལས་ཀྱིས་རང་བཤེར་སྙན་ཞུ་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་པ་བཅས་བྱེད་དགོས།

རིན་གོང་མར་ཆགས་པའི་སྨན་བཟང་བོ་སྐོར་ཞིག་སྨན་བཅོས་འགན་སྲུང་ཁྲོད་རྩིས་ཞུ་བྱེད་ཐུབ།

རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་ལས་རྨས་ཉེན་ཚབ། བུ་བཙའི་ཉེན་ཚབ་བཅས་ཀྱི་སྨན་རྫས་དཀར་ཆག་གསར་པ་དེ2020ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སྤྱོད་འགོ་བརྩམས་པ་དང་། རིན་གོང་སྔར་ལས་དམའ་བའི་སྨན་བཟང་བོ་ནད་པའི་ལག་ཏུ་མགྱོགས་མྱུར་ངང་འབྱོར་ཐུབ་པ་རེད།

2019ལོའི་རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་གྲོས་མོལ་ནང་གསར་དུ་བསྣན་པའི་སྨན་རྫས་བདུན་ཅུ་དང་རྗེས་མཐུད་སྨན་རྫས་ཉེར་བདུན་པར་གཞི་གསར་པའི་དཀར་ཆག་ནང་བཅུག་ནས། ཆ་སྙོམས་རིན་གོང་སོ་སོར་བརྒྱ་ཆའི་དྲུག་ཅུ་གྲངས་ཆུང་བདུན་དང་བརྒྱ་ཆའི་ཉེར་དྲུག་གྲངས་ཆུང་བཞི་རུ་མར་ཆགས། ཐེངས་འདིའི་ལེགས་སྒྲིག་བྱས་རྗེས་པར་གཞི་གསར་པའི་དཀར་ཆག་ནང་བསྡོམས་པས་སྨན་རྫས་སྟོང་གཉིས་བདུན་བརྒྱ་དགུ་བསྡུས་པ་དེ2017ལོའི་པར་གཞི་དང་བསྡུར་ན་སྨན་རྫས་ཉིས་བརྒྱ་བཅོ་བརྒྱད་ནང་འདྲེན་བྱས་པ་དང་། སྨན་རྫས་བརྒྱ་དང་ང་བཞི་ཕྱིར་འཐེན་བྱས་པ། སྨན་རྫས་རེ་བཞི་ཇེ་མང་དུ་སོང་ཡོད་པ་རེད།

2019ལོའི་རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་གྲོས་མོལ་སྨན་རྫས་གང་མགྱོགས་ངང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་འགན་སྲུང་ནང་ཞུགས་མཁན་གྱི་ནད་པར་དུས་ལྟར་འབྲེལ་ཡོད་ཐོབ་ཐང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ལས་ཁུངས་ཀྱིས2019ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་སྔོན་སྨན་རྫས་ཞིང་ཆེན་རིམ་པའི་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ལས་སྟེགས་ཐོག་ཐད་ཀར་དྲ་སྦྲེལ་བྱ་རྒྱུའི་གྲོས་མོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཅིག་གྱུར་འཆར་འགོད་ས་ཁུལ་གྱི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ཁག་གིས་པར་གཞི་གསར་པའི་དཀར་ཆག་ལྟར་ནང་འདྲེན་དང་ཕྱིར་གཏོང་བྱས་པའི་སྨན་རྫས་ཀྱི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་མགྱོགས་མྱུར་ལེགས་སྒྲིག་དང་གསར་བརྗེས་བྱེད་པ་དང་། བསྡོམས་རྩིས་དོ་དམ་བྱ་ཐབས་བཟོས་ནས་པར་གཞི་གསར་པའི་དཀར་ཆག་དུས་ཐོག་ཏུ་དངོས་འབེབ་བྱེད་པར་ཁག་ཐེག་བྱ་དགོས།

རིམས་འགོག་སྨན་ཁབ་ལ་ཐོབ་ཐང་ལག་ཁྱེར་ཡོད་པའི་སྨན་གསར་ཚོང་རར་བཀྲམ་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

2020ལོར། རིམས་འགོག་སྨན་ཁབ་རེ་རེར“ཐོབ་ཐང་ལག་ཁྱེར”རེ་ཡོད་པ་སྟེ། ལག་འཁྱེར་ཁ་པར་གྱིས་རྩ་གཉིས་ཨང་བཤེར་བནན་ཚེ་རིམས་འགོག་སྨན་ཁབ་དེའི་ཐོན་སྐྱེད་དང་། འཁོར་རྒྱུག སྔོན་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ཆ་འཕྲིན་ཚང་མ་མཐོང་ཐུབ་པར་བྱེད་རྒྱུ་རེད།

2020ལོར། རང་རྒྱལ་གྱིས་སྨན་རྫས་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཐོ་འགོད་ཞིབ་མཆན་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཆབས་ཅིག སྨན་རྫས་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱ་རྒྱུར་སྐུལ་མ་བྱས་ནས། བྱིས་པའི་སྨན་དང་སྐྲན་འགོག་སྨན་རྫས། མཐོང་དཀོན་པའི་ནད་སྨན་སོགས་ནད་ཐོག་སྨན་བཅོས་ལ་དགོས་མཁོ་ཆེ་བའི་གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཚོང་རར་འདོན་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད། སྨན་རྫས་དོ་དམ་བཅའ་ཁྲིམས་དང་རིམས་འགོག་སྨན་ཁབ་དོ་དམ་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ནས། 2020ལོར་རིམས་འགོག་སྨན་ཁབ་ཀྱི“དངོས་པོ་གཅིག་དང་ཨང་རྟགས་གཅིག”སྔ་མོ་ནས་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད། སྨན་རྫས་ཞིབ་བཤེར་དང་ཁྲིམས་འཛིན་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོབཏང་སྟེ། སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བ་ཁག་ཐེག་བྱེད་དགོས།

དཀའ་ཁག་ཡོད་པའི་རྒན་པའི་ཁྱིམ་ཚང་སྐོར་ཞིག་ལ་རྒན་པར་འཚམ་པའི་སྒྱུར་བཀོད་བྱ་རྒྱུ་རེད།

ས་ངོས་སུ་འགྱེད་སླ་བ་དང་། གསང་སྤྱོད་དུ་འགྲོ་སྐབས་ཡར་ལངས་དཀའ་བ། ལུས་པོ་འཁྲུ་ཡུན་རིང་ན་ངལ་དུབ་ཆེ་བ་སོགས་རྒན་པའི་ཁྱིམ་གྱི་འཚོ་བར་སྟབས་མི་བདེ་བ་མང་པོ་ཡོད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་ཡོད་པ་མ་ཟད། ཁྱིམ་ཚང་དུ་རྒན་པར་འཚམ་པའི་སྒྱུར་བཀོད་བྱས་ན་དཀའ་གནད་དེ་དག་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད། 2020ལོའི་ལོ་མཇུག་སྔོན། དཀའ་ངལ་ཡོད་པའི་རྒན་པ་སྐོར་ཞིག་གི་སྡོད་གནས་ཁོར་ཡུག་སྔོན་ལ་ཇེ་ལེགས་སུ་གཏོང་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་དང་། རྒན་པའི་སྡོད་གནས་ཀྱི་ཁོར་ཡུག་ཇེ་སྐྱིད་དུ་སྒྱུར་བཀོད་བྱེད་པའི་བྱ་བ་ལག་བསྟར་བྱ་རྒྱུ་རེད། 2020ལོའི་ལོ་མཇུག་སྔོན། སྲིད་གཞུང་གིས་ཁ་གསབ་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་དང་ཡིག་ཚགས་དང་བྱང་བུ་ལས་པའི་ཁྱབ་ཁོངས་ནང་བཅུག་པའི་ལོ་ན་མཐོ་བ་དང་། ནུས་པ་ཉམས་པ། དབང་པོ་སྐྱོན་ཅན་བཅས་ཀྱི་རྒན་པའི་ཁྱིམ་ཚང་ཚང་མར་འགོག་རྐྱེན་མེད་པའི་ཇུས་འགོད་ཀྱི་ཚད་གཞི་ལྟར་རྒན་པར་འཚམ་པའི་སྒྱུར་བཀོད་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་པའི་ཁྱིམ་ཚང་ལ་འཚམ་པའི་སྒྱུར་བཀོད་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རྒན་པའི་སྤྱི་ཚོགས་འགྲོ་འོང་དང་རྒྱུན་ལྡན་གྱི་འཚོ་བའི་དགོས་མཁོ་ལྟར། སྡོད་ཁུལ་རྙིང་པ་སྒྱུར་བཀོད་སོགས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ལག་བསྟར་བྱེད་དགོས།      རིན་གོང་མར་གཅོག་པ་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དྲ་རྒྱའི་ཐོབ་ཚོར་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།

གཞི་གྲངས་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་དེང་གི་དུས་འདིར། དྲ་རྒྱའི་སྤུས་ཚད་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འཁོར་སྐྱོད་ཀྱི་སྤུས་ཚད་ལ་རག་ལས་ཡོད། 2019ལོར། རང་རྒྱལ་གྱིས5Gཚོང་ལས་ཀྱི་འཁོར་བྱང་དངོས་སུ་འགྲེམ་གཏོང་བྱས་པ་དང་། ཨང་རྟགས་དང་དྲ་བ་བརྒྱུད་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དངོས་སུ་ཁྱབ་གདལ་བཏང་སྟེ། མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་འགྲོ་གྲོན་གཅོག་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པས་མི་རྣམས་ལ་ཐོབ་ཚོར་ཆེན་པོ་བྱུང་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྡེ་ཁག་གིས2020ལོར་སླེབས་སྐབས5Gདྲ་རྒྱ་བརྟན་པོའི་ངང་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། 2020ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར5Gདྲ་རྒྱ་ཁྱབ་པར་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་རེད། དེ་དང་ཆབས་ཅིག དྲ་རྒྱའི་མཁོ་སྤྲོད་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། མཐའ་མཚམས་དང་ཐག་རིང་ས་ཁུལ་གྱི་དྲ་རྒྱའི་ཁྱབ་ཚད་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་འགྲོ་གྲོན་དམའ་རུ་གཏོང་བ། ལྷག་པར་དུ་དབུལ་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་གནད་འཁེལ་གྲོན་དངུལ་གཅོག་པ། ཟིང་སློང་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་གཙོ་གནད་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས།

བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྡེ་ཁག་གིས་བསྒྲགས་པ་ལྟར་ན། 2020ལོར། འགྲོ་གྲོན་གཅོག་པའི་ཐད་བཟོ་སྐྲུན་ཁེ་ལས་ཀྱི་དྲ་རྒྱ་དང་ཆེད་སྤྱོད་ལམ་ཐིག་གི་འགྲོ་གྲོན་དམའ་རུ་གཏོང་རྒྱུར་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་ཚགས་དང་བྱང་བུ་ལས་པའི་ཁྱིམ་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་སོགས་ལ་དམིགས་ནས་གཟིགས་སྐྱོང་འགྲོ་གྲོན་སྤྲོད་པ་དང་ཆབས་ཅིག  སྔར་ལས་ལྷག་པའི་སྒོ་ནས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་གྱི་འགྲོ་གྲོན་སྔར་བས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཞང་ཀང་དང་ཨའོ་མོན་ཕྱོགས་ཀྱི་བཞུར་ཚད་ངེས་མེད་འགྲོ་གྲོན་སླར་ཡང་ཇེ་དམའ་རུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།