ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཆེད་དམིགས་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པ།”
2020.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

 ཏང་ཀྲུང་དབྱང་གིས་སྐོར་གཟིགས་བྱ་བའི་ཐད་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར། ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཆེད་དམིགས་སྐོར་གཟིགས་ཀྱི“ཕྱིར་མིག་བལྟས་པ”དང་། ཉེ་ལམ་བཅའ་སྡོད་འབྲེལ་འཛུགས་ཚོགས་འདུ་བསྡུས། ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོ་དང་དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་ཐོབ་པའི་ཞིང་ཆེན་ཕན་ཚུན་འབྲེལ་བའི་དཔྱད་ཞིབ་ཚན་ཆུང་གཉིས་དུས་མཉམ་དུ་བཅའ་སྡོད་བྱས་ཏེ་བྱ་བ་སྤེལ། ཚོགས་འདུ་ལས། ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོའི་ཚན་གཙོ་ཧོང་ཞན་ཡའོ་ཡིས་སྐོར་གཟིགས་ལས་འགན་གྱི་བརྡ་ཡིག་སྤེལ་བར་མ་ཟད་སྐོར་གཟིགས་བྱ་བ་ལེགས་སྒྲུབ་བྱེད་པར་བླང་བྱ་བཏོན་པ་དང་། ཞིང་ཆེན་ཕན་ཚུན་འབྲེལ་བའི་དཔྱད་ཞིབ་བྱ་བའི་ཚན་ཆུང་གི་ཚན་གཙོ་ཡིས་དཔྱད་ཞིབ་དང་འབྲེལ་བའི་བྱ་བའི་བཀོད་སྒྲིག་གི་བརྡ་ཡིག་སྤེལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཆེད་དམིགས་སྐོར་གཟིགས་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་དང2018ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ཏེ་རྙེད་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་དང་དངོས་འབེབས་བྱས་པའི་གནས་ཚུལ་སྙན་སེང་ཞུས། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་ཉིང་གིས2019ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་གནས་ཚུལ་སྙན་སེང་ཞུས།

ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོའི་ཚན་གཙོ་གཞོན་པ་དང་འབྲེལ་ཡོད་བློ་མཐུན། དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་ཐོབ་པའི་ཞིང་ཆེན་ཕན་ཚུན་འབྲེལ་བའི་དཔྱད་ཞིབ་བྱ་བའི་ཚན་ཆུང་གི་བློ་མཐུན་ཡོངས་དང་། ཀྲུང་དབྱང་སྐོར་གཟིགས་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།

ཧོང་ཞན་ཡའོ་ཡིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་འགངས་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བླང་བྱ་དངོས་འབེབས་བྱེད་པའི་དངོས་ཡོད་ལག་ལེན་ཡིན་ལ། “སྲུང་སྐྱོང་གཉིས”ལག་བསྟར་བྱས་པའི་མཚོན་སྟངས་དངོས་ཡིན། མཚོ་སྔོན་གྱིས་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རང་འགུལ་སྒོས་ཀྲུང་དབྱང་གི་བླང་བྱའི་དམིགས་ཚད་དང་ཞིབ་བསྡུར་བྱེད་པ་དང་། རང་ས་གནས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་གཟིགས་དག་ཐེར་ལེགས་བཅོས་བྱེད་སྐབས་གནས་པའི་གནད་དོན་དང་མི་འདང་སར་ཧུར་ཐག་སྒོས་ཐག་གཅོད་བཀོད་སྒྲིག་དང་།  ཧུར་ཐག་སྒོས་ཀྲུང་དབྱང་སྐོར་གཟིགས་ཚན་ཆུང་དང་དཔྱད་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་མཉམ་དུ་ལེགས་སྒྲུབ་བྱེད་དགོས།

ཧོང་ཞན་ཡའོ་ཡིས་བསྟན་དོན། སྐོར་གཟིགས་ནི་ཆབ་སྲིད་ཀྱི་ལྟ་སྐུལ་ཡིན་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚན་ཆུང་གིས་ཁྱོན་ཡོངས་ནས་སྐོར་གཟིགས་བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དང་། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་དངོས་འབེབས། ཆེད་དམིགས་སྐོར་གཟིགས་ཀྱི་ཕྱིར་སློག་གནད་དོན་ལ་གཤིབ་བསྡུར་བཅས་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུས་སྐོར་གཟིགས་དག་ཐེར་ལེགས་བཅོས་ཀྱི་གཙོ་གཞིའི་ལས་འགན་དངོས་འབེབས་བྱས་པའི་གནས་ཚུལ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐོར་གཟིགས་དག་ཐེར་ལེགས་བཅོས་དང་ལྟ་སྐུལ་ལས་འགན་དངོས་འབེབས་བྱས་པའི་གནས་ཚུལ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དང་ལྷག་པར་དུ“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་མངོན་གསལ་གནད་དོན་དག་ཐེར་ལེགས་བཅོས་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་བཅས་ལ་དམ་པོར་དམིགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་ལས་འགན་དངོས་འབེབས་བྱེད་པར་བསྐྱར་དུ་ལམ་སྟོན་བྱེད་པ་དང་། སྐོར་གཟིགས་དག་ཐེར་ལེགས་བཅོས་དངོས་འབེབས་ནན་འཛིན་བྱེད་པར་བསྐྱར་དུ་སྐུལ་འདེད་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བསྐྱར་དུ་སྲ་བརྟན་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་རྒྱུ་སྤུས་བཟང་ལ་བསྟུད་མར་འཕེལ་རྒྱས་འབྱུང་བ་བཅས་ཁག་ཐེག་བྱས་ཏེ། ལག་ལེན་དང་ལོ་རྒྱུས་དང་མི་དམངས་བཅས་ཀྱི་ཉམས་སད་ཐེག་དགོས།

ཝང་ཅན་ཅུན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱའི་ཚད་གཞི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཚད་གཞི། སྐོར་གཟིགས་དང་དཔྱད་ཞིབ་ཀྱི་གཙོ་གནད་ཚད་གཞི་བཅས་དང་ཞིབ་ཏུ་བསྡུར་ནས། “འདུ་ཤེས་བཞི”ཇེ་དྲག་དང“ཡིད་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ངེས་པར་དུ་ཧུར་བརྩོན་རང་འགུལ་གྱིས་རམ་འདེགས་དང་ལྷག་བསམ་ཟོལ་མེད་ཀྱིས་ལྟ་སྐུལ་དང་ལེན། དངོས་ཐོག་བདེན་འཚོལ་སྒོས་གནས་ཚུལ་སྙན་ཞུ་བཅས་བྱས་ཏེ། ཁྱོན་ཡོངས་དང་ཇི་མ་ཇི་བཞིན་དུ་གནད་དོན་འདོན་པ་དང་། དུས་ཐོག་དང་ཡང་དག་པའི་སྒོ་ནས་རྒྱུ་ཆ་འདོན་སྤྲོད་བྱས་ཏེ་འགན་སྲུང་གི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས། ངེས་པར་དུ་དག་ཐེར་ལེགས་བཅོས་དང་དངོས་འབེབས་ནན་འཛིན་བྱེད་པ་དང་། ཕྱིར་སློག་གནད་དོན་ཤེས་མ་ཐག་ཏུ་དག་བཅོས་དང་གཅིག་བསྡུས་སྒོས་དག་ཐེར་བྱས་ཏེ་དོན་དག་རེ་རེ་ཐག་གཅོད་དགོས་ལ། བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཞིབ་འཇུག་དང་། དུས་ཐོག་ཏུ་དངོས་འབེབས་བྱས་ཏེ་དོན་དག་རེ་རེར་ལན་འདེབས་དགོས། ངེས་པར་དུ་བསམ་བློའི་སྟེང་ནས་དབྱེ་ཞིབ་ཟབ་མོ་དང་འགན་འཁྲིའི་སྟེང་ནས་རང་བཤེར་རང་བཅོས། ནང་རྐྱེན་སྟེང་ནས་མི་འདང་ས་རྩད་གཅོད་ཁ་གསབ་བཅས་བྱས་ཏེ། དག་ཐེར་ལེགས་བཅོས་སྐབས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས།

ཀྲུང་དབྱང་གི་སྐོར་གཟིགས་ཚན་ཆུང་དང་པོས་མཚོ་སྔོན་ཞིང་ཆེན་དུ་ཉིན20ཡས་མས་སུ་ལས་དོན་བསྒྲུབ་རྒྱུ་རེད། སྐོར་གཟིགས་སྐབས་ཀྱི་ཆེད་དམིགས་ལས་རེས་ཁ་པར་ནི0971-8019926དང་། ཆེད་དམིགས་ཡིག་སྒམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྦྲག་སྲིད་ཡིག་སྒམA147པ་ཡིན། སྐོར་གཟིགས་ཚན་ཆུང་གིས་ཉིན་རེར་ཁ་པར་ལེན་པའི་དུས་ཚོད་ནི་སྔ་དྲོའི་དུས་ཚོད8ནས་ཕྱི་དྲོའི་དུས་ཚོད6བར་ཡིན།  དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”ཡི་བྱ་བའི་བླང་བྱ་ལྟར་ན། ཀྲུང་དབྱང་སྐོར་གཟིགས་ཚན་ཆུང་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་གཟིགས་དག་ཐེར་ལེགས་བཅོས་ཕྱོགས་ཀྱི་གནད་དོན་འདོན་པའི་འཕྲིན་ཡིག་དང་ཁ་པར་དང་ངོ་གཏུག་བཅས་བདག་སྤྲོད་བྱེད་རྒྱུ་ཡིན་ལ། ཐེངས་འདིའི་སྐོར་གཟིགས་བདག་སྤྲོད་ཀྱི་ཁོངས་སུ་མི་འདུ་བའི་ཡིག་སྐུར་ངོ་གཏུག་བྱས་པའི་གནད་དོན་ནི་གཏན་འཁེལ་ལྟར་མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཏེ་ནན་ཏན་སྒོས་ཐག་གཅོད་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།