ཞིང་སྡེའི་གནས་སྐོར་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་དགོས།
2020.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ནི་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་འཇམ་ཐིང་ངེར་གནས་ཤིང་། གྲོང་རྡལ་ནུབ་རྒྱུད་ཀྱི་རྨ་འགྲམ་ཁམས་རའི་མཛེས་ལྗོངས་ཁུལ་དེ་མི་འགྱངས་པར་གྲོང་རྡལ་ཡོངས་ཀྱི་ཆེས་འདུ་འཛི་ཆེ་བའི་སྤྲོ་གསེང་བྱ་ཡུལ་དུ་འགྱུར་ངེས་པ་དང་། མཚམས་སྤྲིན་ལམ་དང་སྨུག་སྤྲིན་ལམ་ནི་གནས་སྐོར་པ་མང་པོའི་ཟ་མ་བཟའ་ས་དང་ཁྱད་ལྡན་བཟོ་རྩལ་ཐོན་རྫས་ཉོ་སྒྲུབ་བྱེད་སའི་ཚོང་ལས་རྐང་ཐང་སྲང་ལམ་དུའང་འགྱུར་ངེས་རེད། དེ་ལས་གཞན་ད་དུང་ལུས་རྩལ་སྤྱི་གླིང་དང་རྨ་འགྲམ་ལྕགས་རྟའི་བགྲོད་ལམ། དམངས་སྲོལ་གླུ་གར་འཁྲབ་སྟོན་ཐང་ཆེན། ལྗོངས་ཁུལ་གནས་སྐོར་བགྲོད་ལམ། ཁམས་གསོ་རྟེན་གཞི། ཆུ་ཐོག་རྩེད་ར། རྐང་ཐང་དང་སྒེར་འཁོར་གནས་སྐོར་བྱེད་ས་སོགས་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་ཀྱང་ལས་མགོ་བརྩམས།

ཞིང་སྡེའི་གནས་སྐོར་འཕེལ་རྒྱས་ཀྱིས་ཞིང་སྡེ་ཇེ་ཡག་དང་ཞིང་ལས་ཀྱི་ཕན་ནུས་ཇེ་མཐོ། ཞིང་པའི་ཡོང་སྒོ་འཕར་བ། ཞིང་སྡེ་དར་རྒྱས་བཅས་ལ་ནུས་པ་གལ་ཆེན་བཏོན་ཏེ། གྲོང་གསེབ་དར་སྤེལ་གྱི་འགག་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཞིང་སྡེའི་གནས་སྐོར་དབུལ་སྐྱོར་ནི་ཐོན་ལས་དབུལ་སྐྱོར་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གནས་སྐོར་ཐོན་ཁུངས་ཀྱི་ཆ་རྐྱེན་ཅུང་ལེགས་པའི་དབུལ་ཕོངས་ས་ཁུལ་དུ་ས་བབ་དང་བསྟུན་ནས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་བཏང་སྟེ། གནས་སྐོར་ལས་རིགས་ཀྱི་ས་ཁུལ་རང་བཞིན་གྱི་ཀ་རྟེན་ཐོན་ལས་སུ་བསྐྲུན་པ་ནི་དབུལ་ཐར་ཕྱུག་བསྒྱུར་ཇེ་མགྱོགས་སུ་བཏང་སྟེ་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་བཏང་ན་ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་ཅིང་། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་ཡར་འཕར་བར་ཡར་སྐུལ་བྱེད་ཐུབ་པར་མ་ཟད། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་དང་འཚོ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བར་ཕན་ཞིང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན།

བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རིམ་ཐོག་མ་དང་བསྡུར་ཚེ། རང་ཞིང་གི་གྲོང་རྡལ་ཅན་གྱི་འཕེལ་རྒྱས་མགྱོགས་ཤིང་གཞི་ཁྱོན་ཇེ་ཆེར་གྱུར་བ་དང་། མ་ལག་ཆགས་སྟངས་རིམ་བཞིན་གྲུབ་ལ། འདེགས་སྐྱོར་ཀྱི་ནུས་པ་ཉིན་རེར་མངོན་གསལ་ཆེ་བ་དང་། གྲོང་རྡལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། སྡོད་དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པ་དང་། ཕྱི་ཡུལ་གྱི་འབྲེལ་གཏུག་ཇེ་དམ་དུ་གྱུར་ནས། གྲོང་རྡལ་ཇེ་ཆེ་ནས་ཇེ་ཆེ་དང་། ཇེ་མང་ནས་ཇེ་མང་། ཇེ་སྟོབས་ནས་ཇེ་སྟོབས། ཇེ་ཡག་ནས་ཇེ་ཡག་ཏུ་གྱུར་ཡོད། གཞུང་དུ་བལྟས་ཚེ་རང་ཞིང་གི་མཁར་གྲོང་ཅན་ལ་གཏིང་ཟབ་ཅིང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། མཚོ་བོད་མཐོ་སྒང་གིས་གསར་སྐྲུན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཡིན་ནའང་འཕྲེད་དུ་བལྟས་ནས་སྔོན་ཐོན་དར་རྒྱས་ས་ཁུལ་དང་བསྡུར་ཚེ་སྔར་བཞིན་གྲུབ་ཚུལ་ཞན་པ་དང་ཆུ་ཚད་དམའ་བ། ནུས་རིམ་དམའ་བ། ཁྱད་ཆོས་མེད་པ་སོགས་ཀྱི་བར་ཁྱད་གནས་ཡོད།

འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་སྐྲུན་བྱེད་ན་རིག་གནས་ཀྱི་དོན་སྙིང་དང་གྲོང་གསེབ་ཀྱི་ཁྱད་ཆོས་དམ་འཛིན་བྱེད་པ་དང་། འཆར་འགོད་ཇུས་འགོད་དང་ཚོང་རྟགས་གསར་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྤུས་ཀ་འགྱུར་བར་གཡོལ་ཐབས་བྱེད་དགོས། ཞིང་སྡེའི་ཐུན་མོང་ས་ཞིང་བེད་སྤྱོད་བཅོས་བསྒྱུར་གྱི་ཚོད་ལྟའི་གནས་ལ་སྐུལ་འདེད་བྱས་ཏེ། ས་ཞིང་གི་རྒྱུ་ཆ་གཙོ་བོར་འགན་སྲུང་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་གནས་སྐོར་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཕན་འབྲས་ལྡན་པའི་སྒོ་ནས་བེད་སྤྱོད་དང་། ཞིང་སྡེའི་ཡུལ་སྲོལ་གོམས་གཤིས་དང་སྡེ་བའི་སྒྲིག་སྲོལ་གྱི་འཕེལ་རྒྱས་བཅོས་བསྒྱུར་འཚོལ་ཞིབ་བྱས་ཏེ། མཁར་གྲོང་གི་དམངས་སྲོལ་གོམས་གཤིས་དང་མི་རིགས་ཀྱི་འཚོ་བའི་གོམས་གཤིས་བསྒྱུར་བཅོས་གཏིང་ཟབ་དང་གསར་སྐྲུན་ཇུས་འགོད་བྱེད་པ། དེའི་ཁྱད་ཆོས་གཙོ་བོ་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ། ཕྱོགས་མང་པོ་ནས་དེའི་ཕྱི་ཚུལ་གྱི་རྣམ་པ་ཕྱིར་མངོན་ནས་མཁར་གྲོང་གི་གོམས་གཤིས་སྟུག་པོའི་ཞིང་སྡེའི་གནས་སྐོར་གྱི་སྤུས་དག་ལས་གཞི་གསར་སྤེལ་བྱེད་པ་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་མཁར་གྲོང་གི་གནས་སྐོར་རིག་གནས་བསྐྲུན་དགོས།

འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་དང་ཞབས་ཞུ་འགན་སྲུང་ལེགས་པོ་བྱས་ཏེ། ས་གནས་སོ་སོས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ནང་གནས་སྒུལ་ཤུགས་སློང་ཅི་ཐུབ་བྱེད་དགོས། གྲོང་གསེབ་དར་སྤེལ་དེ་ཞིང་སྡེའི་འཇོན་མི་ལ་རག་ལས་པས། ཞིང་སྡེའི་རང་ཡུལ་གྱི་འཇོན་མི་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས་ལ། རང་ཡུལ་གྱི་ཞིང་པའི་བསམ་འདུན་ལ་དམིགས་ནས་ཤེས་བྱའི་རྩལ་ནུས་སྐྱེད་སྲིང་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ཤུགས་འདོན་མཁན་ལ་གཞུང་ལུགས་རྩལ་ནུས་ལེགས་པོ་ཞིག་ཁོང་དུ་ཆུད་དུ་འཇུག་དགོས། ཡུལ་གཞན་གྱི་འཇོན་མི་ནང་འདྲེན་བྱེད་པ་དང་ཕན་བདེའི་སྲིད་ཇུས་འདོན་པར་དོ་སྣང་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མ་ཧུར་ཐག་གིས“ནུབ་རྒྱུད་འཆར་གཞིའི་དང་བླངས་པ”དང“སློབ་ཆེན་པའི་སྡེ་དཔོན”སོགས་ཀྱི་ལས་གཞིའི་ནང་ཞུགས་སུ་བཅུག་སྟེ། གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་སུ་འཇུག་དགོས།

ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་ཁོངས་ཡོངས་དང་དུས་ཚིགས་བཞི་བོའི་གནས་སྐོར་གྱི་བླང་བྱ་ལྟར། ཁམས་གསོ་དེ་ཐོན་ལས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེར་གཏོང་བར་སྐུལ་འདེད་བྱེད་དགོས། རང་སྟེང་གི་རང་བྱུང་ཆ་རྐྱེན་དང་རིག་གནས་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ། ཁུལ་གནས་དང་ཐོན་ཁུངས། སྤྱི་པའི་ཞབས་ཞུ། སྒྲིག་ཆས་སྡེབ་སྦྱོར་སོགས་ལ་ཕྱོགས་བསྡུས་དཔྱད་འཇོག་བྱས་ཏེ། ས་བབ་དང་བསྟུན་ནས་ཞིང་སྡེའི་གནས་སྐོར་ཐོན་རྫས་གསར་སྤེལ་བྱེད་པའི་འཆར་འགོད་དང་བསྐྱར་སྐྲུན་རང་བཞིན་གྱི་འཆར་འགོད་ཞིབ་མོ་འགོད་དགོས། ས་གནས་ཀྱི་ཞིང་ལས་ཐོན་སྐྱེད་དང་ཞིང་པའི་འཚོ་བ། ཞིང་སྡེའི་སྐྱེ་ཁམས་ཁྱད་ཆོས་བཅས་དང་སྦྲེལ་ནས་རིག་གནས་གསར་བསྐྲུན་ཇུས་འགོད་བྱས་ཏེ་མཁར་གྲོང་རྣམ་པ་མངོན་པ་དང་། བར་ཁྱད་ཅན་གྱི་གནས་སྐོར་ཐོན་རྫས་དང་གནས་སྐོར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ཐུན་མིན་གྱི་ཡུལ་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་དགོས། གནས་སྐོར་དེ་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ཁྲོད་དུ་འདྲེས་པར་སྐུལ་འདེད་གཏོང་བ་དང་། “ཞིང་ལས་དང་གནས་སྐོར”གྱི་ཟུར་སྣོན་བྱེད་ནུས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ།“ཞིང་ལས་དང་། རིག་གནས། གནས་སྐོར་གསུམ”གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་བསྐྱེད་ནས། ཞིང་སྡེའི་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པར་རོགས་འདེགས་བྱེད་དགོས།

དབུལ་སྐྱོར་སྣེ་ཁྲིད་ལ་དོ་སྣང་བྱེད་པ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ།

མ་དངུལ་ཐོན་ཁུངས་རྒྱ་བསྐྱེད་དེ་ཞིང་སྡེའི་གནས་སྐོར་ཐོན་ལས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱེད་དགོས། ཞིང་སྡེའི་གནས་སྐོར་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་བཏང་སྟེ། སྐར་མ་རིམ་པའི་ཞིང་སྡེའི་གནས་སྐོར་ཁུལ་གྱི་དཔྱད་བསྡུར་གཏན་འབེབས་བྱ་བ་བསྒྲུབས་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་སྡེའི་གནས་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཆར་འགོད་དོ་དམ་དང་ལག་བསྟར་ལྟ་ཞིབ་ལ་ཤུགས་སྣོན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་མི་ཚུལ་རིག་གནས་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ཏེ། ཞིང་སྡེའི་གནས་སྐོར་གྱི་འབྲེལ་ཡོད་དོ་དམ་བྱེད་ཐབས་དང་ཡང་ན་སྲོལ་ཡིག་གཏན་འབེབས་བྱས་ནས། ཞིང་སྡེའི་གནས་སྐོར་གྱི་འཆར་འགོད་ཞིབ་མཆན་འགོད་པ་དང་ཚོང་གཉེར་དོ་དམ། བདེ་འཇགས་དང་འཕྲོད་བསྟེན་སོགས་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་དགོས།

རབ་མཛེས་མཚོ་སྔོན་གྱི་ཞིང་སྡེ་དར་རྒྱས་སུ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་ན་མ་འོངས་པར་རེ་བ་ཡོད། རང་ཞིང་ནི་གཙང་གསུམ་འབྱུང་ཡུལ་དུ་གནས་ལ། ས་རྒྱ་ཆེ་བ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བ། མི་རིགས་མང་བ། རིག་གནས་སྣ་མང་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན། ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་བཏང་སྟེ་གྲོང་གསེབ་དར་སྤེལ་དུ་གཏོང་བར་ཡར་སྐུལ་བྱེད་དགོས་ན། ཞིང་སྡེའི་རིག་གནས་དང་ཞིང་སྡེའི་དམངས་སྲོལ། ཞིང་སྡེའི་གཟུགས་འདས་རིག་གནས་ཤུལ་བཞག་བཅས་ལ་སྔར་བས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་དོ་སྣང་བྱས་ཏེ། སྔར་ལས་ཕུན་སུམ་ཚོགས་པའི་ཞིང་སྡེའི་གནས་སྐོར་ཐོན་རྫས་དང་མི་རྣམས་ལ་ཞིང་སྡེའི་རིག་གནས་རོལ་མྱོང་བྱེད་དུ་འཇུག་པ་དང་། ཞིང་སྡེའི་རིག་གནས་དེ་ཞིང་སྡེའི་གནས་སྐོར་ཁྲོད་དུ་དར་རྒྱས་གོང་འཕེལ་བཏང་ནས། ཞིང་སྡེའི་རིག་གནས་ལ་ཁྱད་དུ་མངའ་བའི་བཀྲག་མདངས་ཕྱིར་མངོན་དུ་འཇུག་དགོས།

                                                                                                                            རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།