ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་གཞུང་གི་བྱ་བ་སྒྲུབ་མཁན་གྱི་ལོ་སར་རྗེས་ཀྱི་བྱ་བའི་སྒྲིག་ལམ་དོ་དམ་དང་ཁག་ཐེག་བཟང་པོ་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ།
2020.02.03 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 112

གྲོང་ཁྱེར་དང་ཁུལ་ཏང་ཨུ། མི་དམངས་སྲིད་གཞུང་སོ་སོ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ལ།

མིག་སྔར་ལོ་སར་རྗེས་སུ་མི་སྣ་ཕྱིར་ལོག་ཚད་མཐོ་བའི་སྐབས་ཡིན་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཁྱབ་ཚད་ཧ་ཅང་ཚབས་ཆེ་བའི་སྐབས་ཡིན་ཞིང་། ནད་ཡམས་ཀྱི་ཁྱབ་ཚད་ཧ་ཅང་ཚབས་ཆེན་ཡིན་ལ། ནད་ཡམས་འགོག་སྲུང་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནད་ཡམས་འགོག་སྲུང་ཚོད་འཛིན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཚོད་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། གཅིག་གྱུར་འགོ་ཁྲིད་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་འགུལ་བསྐྱོད་ལ་ཤུགས་བསྣན་ནས། ཁྲིམས་ལྟར་དམིགས་གཏད་རང་བཞིན་དང་། ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ། མི་དམངས་མང་ཚོགས་ལ་དམ་དུ་འབྲེལ་ནས། ཕྱིའི་མི་ནང་དུ་ཡོང་བར་འགོག་སྲུང་དང་། ནང་གི་ནད་དུག་རྒྱ་ཁྱབ་དུ་མི་འགྲོ་བར་བྱས་ཏེ། ནད་ཡམས་འགོག་སྲུང་ཚོད་འཛིན་བྱ་བའི་འགོག་སྲུང་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་མི་སྣར་དོ་དམ་བྱེད་པར་ཤུགས་བསྣན་ནས། ལོ་སར་རྗེས་ཀྱི་བྱ་བའི་སྒྲིག་ལམ་ལ་ཁག་ཐེག་བྱེད་པའི་འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ལྟར།

དང་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་བརྡ་ཁྱབ་དགོངས་དོན་ལྟར། 2020ལོའི་ལོ་སར་རྗེས་སུ་ངལ་གསོའི་དུས་ཚོད་ཟླ་གཉིས་པའི་ཚེས་གཉིས་ཉིན་བར་དུ་རྗེས་སུ་བསྣུར་བ་དང་། ཟླ་གཉིས་པའི་ཚེས་གསུམ་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་། ལས་དོན་ལས་ཁུངས་སོ་སོ­༼དམིགས་བསལ་གཏན་འཁེལ་ཡོད་པ་ཕུད།༽རྒྱུན་ལྡན་ངང་ལས་ཚོགས་ལ་ཞུགས་དགོས། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཚང་མས་རྒྱལ་ཁབ་ཀྱི་ཐུན་མོང་གཏན་འཁེལ་ལྟར་སློབ་ཁྲིད་བྱེད་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ བྱིས་སྐྱོང་ཁང་། བྱིས་བཅོལ་ཁང་སོགས་ཀྱིས་རྩ་དོན་སྟེང་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱེད་དགོས་ཤིང་། སློབ་མགོ་རྩོམ་པའི་བྱེ་བྲག་གི་དུས་ཚོད་ཞིང་ཆེན་སློབ་གསོ་ཐིན་སྲིད་འཛིན་དོ་དམ་སྡེ་ཁག་གཙོ་བོས་ནད་ཡམས་འགོག་སྲུང་ཚོད་འཛིན་གྱི་གནས་བབ་ལྟར་གཞན་ནས་བརྡ་ཁྱབ་གཏོང་རྒྱུ། ༼ཞིབ་མོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་ཨང་དྲུག་པར་གཟིགས་རོགས་ཞུ།༽

གཉིས་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་ལས་ཁུངས་སོ་སོས་རིམ་པ་དང་རིགས་དགར་བའི་རྩ་དོན་ལྟར། ནན་ཏན་དང་ཞིབ་ཚགས་ཀྱི་སྒོ་ནས་ཕྱིར་མཚོ་སྔོན་དུ་ལོག་པའི༼གཞུང་གི་བྱ་བ་སྒྲུབ་མཁན་སོགས་འདུས༽མི་སྣར་ཞབས་ཞུ་དང་དོ་དམ་བཟང་པོ་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། ཕྱིར་ཡོང་མི་སྣ་གཅིག་ཀྱང་མི་ཆད་པར་ཞིབ་བཤེར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།

གཅིག མིག་སྔར་ཧུའུ་པེ་རུ་ཡོད་པ་དང་། བྱ་བ་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་རིགས་སོ་སོའི་མི་སྣས་ཧུའུ་པེ་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ངལ་གསོའི་དུས་ཚོད་ཀྱི་ཡུན་བསྲིངས་ནས་བྱ་བ་སྒྲུབ་སར་ཕྱིར་མི་ལོག་པ་དང་། ནན་ཏན་གྱིས་ཧུའུ་པེ་ས་ཁུལ་སྲིད་གཞུང་གིས་ནད་ཡམས་འགོག་སྲུང་ཚོད་འཛིན་བྱེད་ཐབས་ཀྱི་འབྲེལ་ཡོད་དགོས་མཁོ་ལྟར། གཏན་འཁེལ་དང་འགལ་ནས་རང་དགར་ཧུའུ་པེ་ས་ཁུལ་དང་ཁ་བྲལ་མི་ཆོག

གཉིས། ཉེ་ལམ་ཧུའུ་པེ་ཞིང་ཆེན་དུ་གནས་སྐོར་ལ་སོང་མྱོང་བ་དང་། མིག་སྔར་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་སོ་སོར་རྗེས་འདེད་བྱས་ནས། འབྲེལ་ཡོད་གཏན་འཁེལ་ལྟར་བདེ་ཐང་ཐོ་འགོད་ལམ་ལུགས་ལག་བསྟར་བྱས་པར་མ་ཟད། མི་དེ་དག་གི་ལས་ཁུངས་དང་འདུས་སྡོད་ཁུལ་གྱི་དོ་དམ་འོག་ཏུ། རང་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་རྟོག་གཟའ་འཁོར་གཉིས་ལ་བྱེད་དགོས། ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་རྟོག་བྱེད་པ་མཇུག་སྒྲིལ་རྗེས། གསོ་རིག་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་ཐོབ་དགོས་པ་དང་། ཆོག་མཆན་ཐོབ་ན་ད་གཟོད་ལོགས་སུ་འདུག་མི་དགོས་པ་བྱས་ཆོག

གསུམ། ཧུའུ་པེ་ཞིང་ཆེན་ལས་གཞན་པའི་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་སོ་སོས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ཨང་ལྔ་བ་དང་། ཨང་བདུན་པ་ལས་ཞིང་ཆེན་ཕྱི་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་འབྲེལ་ཡོད་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས། ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་ལས་ཁུངས་ཀྱིས་དུས་ཚོད་དང་པོའི་ནང་རང་སྡོད་སའི་ས་གནས་ཀྱི་འདུས་སྡོད་ཁུལ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་། ལས་ཁུངས་སོགས་སུ་ཐོ་འགོད་བྱེད་དགོས་པར་མ་ཟད། རང་འགུལ་གྱིས་ཁྱིམ་དུ་བསྡད་དེ་ལྟ་རྟོག་གཟའ་འཁོར་གཉིས་རིང་ལ་བྱེད་དགོས་པའི་སྐུལ་མ་བཏང་།

བཞི། ཁྱིམ་དུ་བསྡད་དེ་ལྟ་རྟོག་བྱེད་པའི་མི་སྣ་ནད་ཡམས་ཆེན་པོ་བྱུང་བའི་ས་ཁུལ་དང་ཁ་བྲལ་བ་ནས་བཟུང་། བསྟུད་མར་གཟའ་འཁོར་གཉིས་རིང་ལ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ཚད་འཇལ་བྱེད་དགོས་པ་དང་། ལྟ་རྟོག་བྱས་ནས་འབྲེལ་ཡོད་ཚད་གཞིར་ཐོན་རྗེས། གཞུང་གི་བྱ་བའི་ལས་རྐང་ལ་ཕྱིར་ལོག་ཆོག

གསུམ་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།ལས་ཁུངས་སོ་སོས་ལས་རྐང་དུ་ཡོད་པའི་མི་སྣར་འགན་ཁུར་ཏེ། རང་གི་བྱ་བ་བཟང་པོར་སྒྲུབ་པ་དང་། ནད་ཡམས་འགོག་སྲུང་ཚོད་འཛིན་བྱེད་པའི་བྱ་བའི་ནང་ཞུགས་པར་སྐུལ་འདེད་གཏོང་དགོས།

གཅིག གཞུང་གི་བྱ་བ་སྒྲུབ་མཁན་གྱི་གར་འགྲོ་གར་སོང་གསལ་བོར་ཤེས་པར་བྱས་ཏེ། ལས་རྐང་དུ་ཞུགས་པའི་གནས་ཚུལ་ཞིབ་བཤེར་དང་བཀོད་སྒྲིག་བྱེད་དགོས་པར་མ་ཟད། འགན་འཁྲི་བྱ་བའི་ལས་འགན་བཀོད་སྒྲིག་བཟང་པོ་བྱེད་དགོས།

གཉིས། ལས་རྐང་དུ་ཡོད་པའི་མི་སྣའི་བདེ་ཐང་སློབ་གསོ་དང་བདེ་ཐང་གསལ་འདེབས་ལ་ཤུགས་སྣོན་བྱས་ཏེ། བྱ་བ་སྒྲུབ་ས་དང་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་དངོས་འབེབས་བྱེད་དགོས།

གསུམ། སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག  སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་སོགས་འགོག་སྲུང་ཚོད་འཛིན་ལས་ཡུལ་དང་པོའི་གཞུང་གི་བྱ་བ་སྒྲུབ་མཁན་གྱི་རེས་མོས་ངལ་གསོ་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། ཧུར་ཐག་གིས་སེམས་ཁམས་སྙོམས་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་དུས་ཐོག་ཏུ་ཁོ་ཚོའི་དཀའ་ཁག་དངོས་དང་སེམས་ཁྲལ་སེལ་རོགས་བྱེད་དགོས།

བཞི། འགོག་སྲུང་ཚོད་འཛིན་བྱ་བའི་ཁ་ཚ་དགོས་གཏུག་གི་ལས་འགན་མེད་པའི་ལས་རྐང་གི་མི་སྣ་དང་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་མི་སྣས་“ དྲ་ཐོག་གི་རྒྱལ་ཁབ་སྟོབས་འབྱོར་ལ་སློབ་སྦྱོང”དང་དྲ་ཐོག་གི་ཁྲིམས་ལུགས་དྲིལ་སྒྲོག་སློབ་སྦྱོང་། མཚོ་སྔོན་གྱི་ལས་བྱེད་པའི་དྲ་ངོས་སློབ་གླིང་སོགས་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། རང་ཉིད་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བྱེད་དགོས། ཁྱིམ་སྡོད་གསོ་རིག་ལྟ་ཞིབ་ཀྱི་མགོ་ཁྲིད་ལས་བྱེད་པས་ཁ་པར་དང་ལག་འཁྱེར་ཁ་པར། དྲ་ངོས། བརྙན་རིས་སོགས་སྟབས་བདེའི་བྱེད་སྟངས་སྣ་ཚོགས་སྤྱད་དེ་གཞུང་དོན་སྒྲུབ་པ་དང་། བྱ་བ་གཅིག་གྱུར་གྱིས་བཀོད་སྒྲིག་བཟང་བོ་བྱེད་དགོས།

ལྔ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྒྲུབ་པའི་ཞིང་ཆེན་གཞན་པར་རྟོག་ཞིབ་དང་གསོ་སྦྱོང་སོགས་ཀྱི་གཞུང་དོན་བྱ་འགུལ་དག་རྩ་དོན་ཐད་ནས་གནས་སྐབས་སུ་སྤེལ་མཚམས་འཇོག་དགོས།  བྱ་བའི་དགོས་དབང་གིས་ཞིང་ཆེན་གཞན་པར་གཞུང་དོན་སྒྲུབ་ཏུ་འགྲོ་དགོས་ཚེ། གོང་རིམ་གཙོ་གཉེར་སྡེ་ཁག་ལ་ཆོག་མཆན་འགོད་པར་ཡར་ཞུ་བྱེད་དགོས། ཞིང་ཆེན་ཕྱི་ལ་སོང་ནས་འབྲེལ་མཐུད་མཐུན་སྦྱོར་བྱེད་དགོས་པའི་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ཀྱི་བྱ་བ་དག་རྩ་དོན་ཐོག་ནས་རེ་ཞིག་ཕྱི་སྣུར་བྱེད་དགོས། ངེས་པར་དུ་སྒྲུབ་དགོས་པ་མིན་ཚེ་མི་སྒྲུབ་པའི་རྩ་དོན་ལྟར། གྲོས་ཚོགས་དང་བྱ་འགུལ་སྣ་ཚོགས་ཕྱི་སྣུར་དང་ཇེ་ཉུང་དུ་གཏོང་དགོས།  ངེས་པར་དུ་འཚོགས་དགོས་པའི་གྲོས་ཚོགས་ཡིན་ཚེ། ངེས་པར་དུ་ཚོགས་རར་དུག་སེལ་བྱེད་པ་དང་།  མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ། ཚོགས་ཞུགས་མི་སྣས་ཁ་ཐུམ་རྒྱག་པ། ཚ་གྲངས་ལ་བརྟག་པ་སོགས་འགོག་སྲུང་བྱེད་ཐབས་དངོས་འབེབས་བྱས་ཏེ། ཚོགས་ཞུགས་མི་སྣ་ཇེ་ཉུང་དུ་གཏོང་བ་དང་། གྲོས་ཚོགས་ཀྱི་དུས་ཚོད་ཇེ་ཐུང་དུ་གཏོང་བ། དངོས་མིང་འགོད་པའི་ལམ་ལུགས་ལག་ལེན་བྱེད་དགོས།

དྲུག ལས་ཁུངས་སོ་སོའི་ཟ་ཁང་དེ་རྩ་དོན་ཐོག་ནས་ཕྱི་ཕྱོགས་སུ་སྒོ་མི་ཕྱེ་པ་དང་། བཟའ་བཏུང་སྟབས་བདེ་བཀོད་སྒྲིག་དང་། དུས་ཚོད་འགོར་འགྱངས་བྱས་ནས་ཟ་མ་ཟ་བ། མི་རྣམས་ཐར་ཐོར་དུ་ཟ་མ་ཟ་བ་སོགས་བྱས་ནས། ཟ་མ་ཟ་མཁན་གྱི་བདེ་འཇགས་ཁག་ཐེག་བྱེད་དགོས།

དོན་ཚན་བཞི་བ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྒྲིག་ཁྲིམས་དང་སྲིད་ཁྲིམས་སོགས་ལམ་ལུགས་དང་གཏན་འཁེལ་བརྩི་སྲུང་ནན་མོ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་མཉམ་སེལ། ཚན་རིག་དང་མཐུན་པར་འགོག་བཅོས། གནད་ཕིགས་ཇུས་བསྟར་བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ནད་ཡམས་འགོག་སྲུང་ཚོད་འཛིན་བྱ་བ་སྤེལ་བར་སྐུལ་འདེད་གཏོང་དགོས།

གཅིག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ཀྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པ་ནུས་ལྡན་མིན་པ་དང་། དེ་མིན་ནད་ཡམས་འགོག་སྲུང་དང་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་ནས་རང་འགན་གཞན་དཀྲི་དང་། གཡོ་ཟོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤེལ་ནས་མཇུག་འབྲས་ངན་པ་དང་གྱོང་གུན་ཚབས་ཆེན་བཟོས་པའི་ལས་ཁུངས་དང་གཞུང་སྒྲུབ་མི་སྣར་མཐའ་གཅིག་ཏུ་རྩད་གཅོད་ནན་མོ་བྱེད་དགོས།

གཉིས། ས་གནས་སོ་སོས་ས་གནས་ཀྱི་འགན་འཁྲི་དངོས་འབེབས་བྱས་ཏེ། རིགས་བཀར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་བྱས་ཏེ། ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག སློབ་གྲྭ། ཁེ་ལས། ཚོང་ར། ཟ་ཁང་། དེ་མིན་ལས་མགོ་རྩོམ་པའི་ཨར་ལས་བཟོ་སྐྲུན་ལས་ཡུལ་སོགས་གནད་ཁུལ་དང་གནད་སའི་ཁྱབ་ཁོངས་ཀྱི་རིམས་འགོག་བྱ་བ་གཅིག་གྱུར་གྱིས་བཟང་བོར་སྒྲུབ་དགོས།

གསུམ། དྲིལ་སྒྲོག་ལས་ཁུངས་ཀྱིས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ། མངོན་གསལ་ཡོངས་བསྒྲགས་དང་དུས་ཐོག་ཏུ་ནད་ཡམས་གནས་ཚུལ་དང་འགོག་སྲུང་ཚོད་འཛིན་གྱི་འཕྲིན་གསར་ཡང་དག་པའི་སྒོ་ནས་ཁྱབ་སྒྲོག་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་། མི་དམངས་ཀྱི་ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་གོང་གོང་བར་གསུམ་ཚང་མས་མཉམ་དུ་དཀའ་བ་ཁྱད་གསད་ཀྱི་སྡོམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ། སྒྲོལ་མ་སྐྱིད།