མི་རབས་ནས་མི་རབས་བར་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་སྒང་བ་བོད་པ་ཚང་ལ་གནའ་སྔ་མོ་ནས་བཟུང་འདི་འདྲའི་གཏམ་དཔེ་ཞིག་ཡོད་དེ། བྱ་བརྒྱའི་ཁྲོད་ནས་ནངས་མོ་ཆེས་སྔ་བ་ནི་ཅོ་ཀ་ཡིན་ལ། གངས་རི་དང་རྩྭ་ཐང་དབེན་ཞིང་འཇམ་ཐིང་ངེར་གནས་པའི་སྐབས་སུ། དག་དག་ཤར་ཕྱོགས་སུ་སྐྱ་རེངས་གསལ་བ་དང་བསྟུན་བྱེའུ་ཆུང་ཅོ་ཀའི་སྙན་འཇེབས་ལྡན་པའི་སྐད་ངག་ནི་གཉིད་དུ་ཡུར་བའི་མི་རྣམས་ལ་ཉིན་གཅིག་གི་ངལ་རྩོལ་བྱེད་པར་ཅོང་བརྡ་རྒྱག་མཁན་ཐོག་མ་དེ་ཡིན།
མེས་རྒྱལ་གྱི་ས་གཞི་ཆེན་མོར་སྙིང་རྗེ་དབེན་པའི་ཏོག་དབྱིབས་ནད་དུག་གིས་མཆེད་པའི་སྐབས་འདིར། ཞིང་ཆེན་སོ་སོའི་སྨན་བཅོས་དཔུང་ཁག་རིམས་ནད་ས་ཁུལ་དུ་བསྐྱོད་དེ་“ཆེས་མཛེས་པའི་དཔའ་རྒོད”ཡག་ཤོས་སུ་གྱུར་པ་དང་། རྒྱལ་ཡོངས་ཀྱི་རིམ་པ་སོ་སོས་རང་འགུལ་ངང་རོགས་སྐྱོར་དངོས་ཟོག་སྒྲིག་འཛུགས་དང་། བྱམས་བརྩེའི་རོགས་དངུལ་བསྡུ་བ། མང་ཚོགས་རང་ཟུར་དུ་འཇོག་པ། “ཁྱིམ་དུ་སྡོད་པ”དང་ “སྔོན་འགོག”བྱ་བ་གཙོ་བོར་འཛིན་གྱིན་ཡོད་ལ། དེ་དང་ཆབས་ཅིག་རིམས་ནད་སྔོན་འགོག་གི་དམག་འཐབ་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་སྐབས་འདིར། ཁྱི་འབྲི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ། རིམས་ནད་སྔོན་འགོག་བྱ་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུགས་དང་། གལ་ཆེ་ཤོས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་འཕྲལ་མར་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མི་སེམས་ཟང་ཟིང་མེད་པ་དང་སྒྲིག་ལམ་ལ་ཟང་ཟིང་མེད་པ་བཅས་བྱས།
ན་ནིང་ལོ་མཇུག་ཏུ་བཙུགས་པའི་མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོའི་དང་བླངས་པའི་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་དང་བླངས་པ་དྲུག་ཅུ་རེ་དྲུག་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་གི་ལས་གནས་དང་པོར་ཆས་ཏེ། དུ་བ་མེད་པའི་གཡུལ་ས་འདིའི་ཐོག་གི་གཟུགས་བརྙན་མཛེས་ཤོས་ཤིག་ཏུ་གྱུར་པ་ནི། ཕ་ཡུལ་གྱི་ཅོ་ཀ་ལྟར་རང་ཉིད་ཀྱི་རྔུལ་ཆུས་ས་གནས་དེར་སྲུང་སྐྱོབ་བྱེད་བཞིན་པ་དང་ཀུན་ནས་མཚུངས། དང་བླངས་པ་ཚོས་གནས་སྐབས་སུ་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག སྐད་འཕྲིན་དང་སྒྲ་དུང་། བསྒྲགས་ཡིག་སྦྱོར་བ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། འཕྲེད་བྱང་འགེལ་བ། ཁྱིམ་ཚང་སོ་སོར་དུག་སེལ་བྱེད་པ། འགྲོ་འོང་བྱེད་མཁན་གྱི་འཁོར་རིགས་ཡོངས་ལ་ནད་ཡམས་ཞིབ་བཤེར་ཐོ་འགོད་བྱེད་པ། ད་དུང་ཁ་ཏ་བསླབ་བྱ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། རང་ངོས་ཀྱི་འགོག་སྲུང་ཚད་མཐུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྱིམ་ཚང་རེ་རེར་བསྐྱོད་ནས་འགོག་སྲུང་ཤེས་བྱ་འགྲེལ་བཤད་བྱས་ཏེ། རིམས་ནད་སྔོན་འགོག་དམག་འཐབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བས་མི་སེམས་འགུགས་པའི་བྱས་རྗེས་རེ་རེ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་ཡོད།
གཞན་དང་མི་འདྲ་ཞིང་བརྩེ་སེམས་ཀྱིས་ཕྱུག་པའི་རེ་ཞུ་ཡི་གེ།
“སྟོད་གོས་ལྗང་གུ་ཅན་གྱི”དང་བླངས་པའི་ཞབས་ཞུའི་ས་ཚིགས་ནི་སྲིད་གཞུང་ལས་བྱེད་པ་དང་། གཞི་རིམ་ཏང་ཡོན། བརྩེ་སེམས་ཅན་གྱི་མི་དམངས་མང་ཚོགས་སོགས་དང་བླངས་པ་མི66གིས་གྲུབ་ཡོད། ཁོ་ཚོའི་ཐོག་མའི་བསམ་འདུན་ནི་རང་ནུས་ཀྱིས་ཁྱི་འབྲི་མི་དམངས་ལ་ཞབས་འདེགས་རེ་ཞུ་རྒྱུ་དེ་ཡིན་ལ། ས་ཚིགས་དེ་བཙུགས་ནས་ཡུན་རིང་མ་སོང་ཞིང་བྱ་བའི་ཉམས་མྱོང་དཀོན་པའི་དཔུང་ཁག་དེས་སྔ་རྗེས་སུ་གནོད་འགོག་ཕྱུགས་སྐྱོབ་ཀྱིས་འབྲོག་ལས་འགན་སྲུང་དང་། ཁངས་ཕྱགས་ནས་ལམ་འགྲོ་བར་སྟབས་བདེ་བསྐྲུན་པ། གནད་ཁེལ་དབུལ་སྐྱོར་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་གང་མང་ཐད་ལ་ནུས་པ་བླ་ལྷག་བཏོན་མྱོང་། ཐེངས་འདིའི་གློ་བུར་དུ་བྱུང་བའི་རིམས་ནད་གནོད་འཚེའི་མདུན་དུ་ཡང་ཁོ་ཚོས་གཏན་ནས་དཔའ་མ་ཞུམ་པར་ཁྱི་འབྲི་ཡུལ་ཚོའི་རིམས་ནད་སྔོན་འགོག་དང་ཁྱིམ་གཞིས་སྲུང་སྐྱོབ་ཐད་ཆེས་མཛེས་པའི་ཚབ་མཚོན་པར་གྱུར་ཡོད། དང་བླངས་པའི་དཔུང་ཁག་ནང་དེ་སྔ་ལས་རིགས་སྨན་པ་ཡིན་པའི་ཏང་ཡོན་ལས་བྱེད་མཁའ་སྤྱོད་ལགས་ཀྱིས་ཏང་རྩ་འཛུགས་ལ་ཞུགས་རྒྱུའི་རེ་ཞུ་ཡི་གེ་ཕུལ་ཞིང་། ཁོ་མོས་“གུས་ཤིང་བརྩེ་བའི་ཏང་གི་རྩ་འཛུགས། ང་ནི་ཏང་ཡོན་ཞིག་ཡིན་ལ་དེ་སྔོན་ཕུལ་བྱུང་གི་སྨན་པ་ཞིག་ཀྱང་ཡིན་པས། ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་བཀའ་དང་ལེན་བྱས་ཏེ་ལས་གནས་དང་པོར་བསྐྱོད་འདོད་ཡོད་པས། རྩ་འཛུགས་འགོ་ཁྲིད་ཀྱིས་ཆོག་མཆན་གནང་རོགས། ཕྲན་གྱིས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་ངེས།”ཞེས་བཤད། དེ་དང་འདྲ་བར་དང་བླངས་པ66གིས་ཀྱང་གནས་སྐབས་ཏང་ཀྲི་པུའུ་ལ་རེ་འདུན་ཞུ་ཡིག་ཕུལ་ཞིང་། ཁོ་ཚོས“ང་ཚོ་རང་མོས་ངང་རིམས་ནད་སྔོན་འགོག་དཔུང་སྡེར་ཞུགས་ནས་འགོག་སྲུང་ནན་མོ་བྱས་ཏེ་ནད་གཞི་སྔོན་འགོག་དང་ཚོད་འཛིན་ལ་ནུས་པ་གང་ལེགས་འདོན་ངེས། ”འདི་ལྟ་བུའི་འབད་འབུངས་ཡར་བརྩོན་དང་དམངས་ལ་བརྩེ་བའི་དང་བླངས་པའི་དཔུང་ཁག་ཅིག་ཡོད་པས་ང་ཚོའི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན།
རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བ་ཡོད། བརྩེ་སེམས་ཀྱི་ཞལ་འདེབས་བསྡུས་ནས་རིམས་ནད་དང་འཐབ།
ཡུལ་ཚོའི་རིམས་འགོག་ས་ཚིགས་ཀྱི་ཏང་ཨུས་རྫོང་ཐེབས་རྩ་མཐུན་ཚོགས་ཀྱི་ཞལ་འདེབས་གྲོས་གཞི་ལྟར་སྐད་འཕྲིན་དང་གྲོས་ཚོགས་ཆུང་ངུ་བརྒྱུད་ནས་མི་རྣམས་ལ་སྐུལ་སློང་བྱས་ནས་ཞལ་འདེབས་བསྡུས་ཏེ་རིམས་འགོག་ལ་རྒྱབ་སྐྱོར་བྱས། ཟླ་གཉིས་པའི་ཚེས་གཉིས་ཉིན་“སྟོད་གོས་ལྗང་གུ་ཅན་”གྱི་དང་བླངས་བའི་ཞབས་ཞུ་ས་ཚིགས་ཀྱིས་ཏང་ཨུའི་འགོ་ཁྲིད་འོག་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ་དུ་ཞལ་འདེབས་འབུལ་ཡུལ་བཙུགས་ནས་ཞལ་འདེབས་བསྡུས་པ་དང་འབྲེལ་ཡོད་ཐོ་འགོད་ལེགས་པོར་བསྒྲུབ་ལ། ཞུ་གཏུག་ཁ་པར་ཨང་གྲངས་བསྒྲགས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། མིག་སྔའི་བར་ཡུལ་དངོས་དང་སྐད་འཕྲིན་བརྒྱུད་ནས་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ཀྱི་ཞལ་འདེབས་བསྡུས་པ་དང་དུས་ཐོག་ཏུ་རྫོང་ཐེབས་རྩ་མཐུན་ཚོགས་ལ་སྤྲད་ནས་རིམས་འགོག་ལ་རྒྱབ་སྐྱོར་བྱས།
འབྲི་འོ་དག་མ་བརྩེ་བའི་མི་ལ་འབུལ།
དང་བླངས་པས་ཉིན་ལྟར་དྲིལ་སྒྲོག་དང་དུག་སེལ། ཐོ་འགོད། གྲོས་ཚོགས་ཆུང་ངུ་བསྡུ་བ། ལས་ཀ་བཀོད་སྒྲིག་དང་རིམས་འགོག་དངོས་ཟོག་སྟེར་བ། མང་ཚོགས་ལ་སྐུལ་སློང་བྱས་ནས་ཁོར་ཡུག་གཙང་སྦྲ་བྱེད་པ་སོགས་ལས་ཀ་མང་པོ་སྒྲུབ་དགོས་ལ་རྒྱུན་པར་ཚོ་ཆུང་མང་པོར་བཀར་ནས་ལས་ཀ་གང་མང་སྒྲུབ་དགོས་མོད་འཁང་ར་ཅི་ཡང་མེད། ཞོལ་མ་སྡེ་བའི་དབུལ་ཁྱིམ་ཅེ་རེས་ཀྱིས་རྒྱུན་པར་དང་བླངས་པས་ཁ་རུས་བརྒྱབ་ཅིང་དུག་སེལ་ལག་ཆ་ཁུར་ནས་དུག་སེལ་བྱེད་པ། དྲིལ་སྒྲོག་ཡིག་ཆ་ཁྱེར་ནས་སྡེ་བ་སོ་སོར་དྲིལ་སྒྲོག་བྱེད་བཞིན་པ། ལན་རེར་སྒེར་གྱི་རླངས་འཁོར་བསྐོར་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་པ་མཐོང་སྟེ། སེམས་འགུལ་ཚད་མེད་ཐེབས་པ་དང་འདི་དག་ཡོད་ཚད་ནི་ཁོ་ཚོའི་ཆེད་དུ་ཡིན་པ་སེམས་ནས། དགུན་དུས་ཀྱི་འོ་མ་ནི་རྩ་ཆེན་ཡིན་ལ་ལན་རེར་ཉིན་གཅིག་ལ་རྒྱ་མ་གང་ལས་མེད་མོད། རྒན་པོ་ཅེ་རེས་ཀྱིས་འོ་མ་རྒྱ་མ་བཅུ་ལྷག་བསྡུས་ནས་ནང་སྔ་མོར་རིམས་ནད་ཞིབ་བཤེར་ས་ཚིགས་ལ་ཕུལ་ཏེ་དང་བླངས་པ་ཡོངས་ལ་ཞིམ་མངར་གྱི་འོ་ཇ་དྲོན་མོ་རེ་འཐུང་ཏུ་བཅུག བྱ་བ་ཆུང་ངུ་ཞིག་ཡིན་ནའང་དེ་ལས་ལས་བྱེད་དཔུང་སྡེ་བཟང་བོ་དང་མི་དམངས་མང་ཚོགས་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་བརྩེ་བ་དེ་མཚོན་ཐུབ།
གནད་འགག་གི་སྐབས་སུ་ཧ་ཅང་དཀོན་པའི་ཁ་རས450རྩ་འཛུགས་ལ་སྤྲད་པ།
བྲག་དཀར་སྡེ་བའི་སྡེ་མི་བརྩོན་འགྲུས་ནི་དང་བླངས་པའི་དཔུང་ཁག་གི་ཁོངས་མི་ཞིག་ཡིན་པ་དང་། ཉེ་ཆར་རིམས་ནད་མཆེད་པའི་གནས་ཚུལ་ཤེས་རྗེས་ཁོས་རང་འགུལ་ངང་སྨན་རྫས་ཚོང་ཁང་གི་ཕུ་བོ་དང་འབྲེལ་བ་བྱས་ཏེ་ཚད་ལྡན་གཅིག་སྤྱོད་རང་བཞིན་གྱི་ཁ་རས450ཉོས་ཏེ་ཚང་མ་རྩ་འཛུགས་ལ་སྤྲད་དེ། དང་བླངས་པའི་ཞབས་ཞུ་ས་ཚིགས་ཀྱི་མི་སྣ་མངགས་ནས་དགོས་མཁོ་ཡོད་པའི་འབྲོག་ཁྱིམ་དུ་སྤྲད་པ་དང་། ལྷག་པར་དུ་འགྲོ་སྐྱོད་མི་བདེ་བ་དང་། ལུས་པོའི་འགོག་ནུས་ཆུང་བ། དོགས་ཟོན་འདུ་ཤེས་ཞན་པ་བཅས་ལ་དམིགས་ནས་ཞབས་ཞུ་ས་ཚིགས་ཀྱི་འགན་ཁུར་བ་ངག་དབང་བློ་མཐུན་དངོས་སུ་ཡུལ་ཚོའི་རྒན་གསོ་ཁང་དུ་སོང་ནས་རྒན་པ19ལ་ཁ་རས་དང་དུག་སེལ་སྨན། ཉེར་མཁོའི་དངོས་ཟོག་སོགས་བསྐྱལ་བར་མང་ཚོགས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་མ་ཟད། དུས་མཚུངས་སུ་ཡུལ་ཚོ་ཡོངས་ཀྱི་གོང་འོག་ཚང་མས་“རིམས་ནད་སྔོན་འགོག་”ལ་རྒྱལ་ཁ་ལེན་པའི་ཆོད་སེམས་ཀྱང་བརྟན་པོ་བཞག
རིན་གོང་སྒོར་སྟོང་གཅིག་གི་སྨན་རྫས་གཡུལ་སར་བསྐྱལ་བ།
ལོ་30ཙམ་ལ་སླེབས་པའི་རྟེན་འབྲེལ་སྡེ་བའི་སྡེ་མི་བསོད་ནམས་མགོན་ནི་བརྩེ་སེམས་ཅན་གྱི་མི་ཞིག་ཡིན་ལ། ང་ཚོའི་ཉེ་འགྲམ་གྱི་མི་བཟང་ཞིག་ཀྱང་ཡིན། དེ་སྔོན་ཡང་ཁོས་དཀའ་ངལ་ཅན་གྱི་དབུལ་ཁྱིམ་གྱི་ཚབ་ཏུ་སྨན་རིན་དང་སྨན་བཅོས་འགན་སྲུང་སོགས་ཐེངས་གང་མང་སྤྲད་མྱོང་པ་མ་ཟད། ཁ་རིན་དང་འཁང་ར་ཅི་ཡང་མེད་པར་དུས་དང་རྣམ་པ་ཀུན་ཏུ་རྟེན་འབྲེལ་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ ཕུལ་མྱོང་ལ། སྡེ་བའི་ཕྱུག་འགྱུར་བྱ་གཞག་ཐད་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཡིན་པས། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཁས་ལེན་དང་བསྔགས་བརྗོད་ཐེངས་མང་བྱས་མྱོང་། ད་རེས་ཀྱང་དང་བླངས་པའི་དཔུང་ཁག་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་ཁོ་ལ་དུས་རྒྱུན་གྱི་ཡོང་འབབ་མང་པོ་མེད་མོད་རང་མོས་སྒོས་སྒོར1000བཏོན་ནས་ཆམ་པའི་སྨན་དང་། འཁྱགས་རྨས་སྨན། གཅིག་སྤྱོད་རང་བཞིན་གྱི་ལག་ཤུབས་སོགས་ཉོས་ཏེ་ཞབས་ཞུའི་ས་ཚིགས་ཀྱི་ལས་སྟེགས་བརྒྱུད་ནས་དགོས་མཁོ་ཡོད་པའི་མང་ཚོགས་ལ་ཕུལ།
ལུང་དཀར་སྡེ་བའི་ཧྲུའུ་ཅི་དང་པོ་ཡོན་ཝུའེ་ཏུང་གིས་གུང་གཞོན་སྡེ་ཚོགས་བརྒྱུད་ནས་དགུན་ལྭ80བརྩོན་ལེན་བྱས་ཤིང་དེ་ཚང་མ་ཡུལ་ཚོའི་དང་བླངས་པ་རྣམས་ལ་ཕུལ། གཞན་ཡུལ་ཚོའི་ཁོར་སྲུང་རུ་ཁག་གི་ལས་བཟོ་པ10རང་མོས་སྒོས་དང་བླངས་པའི་དཔུང་ཁག་ནང་ཞུགས་པ་དང་རང་འགུལ་གྱིས་སྣེ་ཁྲིད་དེ་སྐོར་སྐྱོད་དང་། ལས་རེས། ཁོར་ཡུག་གཙང་སྦྲ། ཉིན་ལྟར་རེས་མོས་སྒོས་རིམས་འགོག་ཞིབ་བཤེར་ས་ཚིགས་སུ་མེ་བུས་ནས་ཇ་སྐོལ་སོགས་དགོས་ངེས་ཀྱི་རོགས་འདེགས་གང་མང་བྱས། དེ་མིན་ཁྱི་འབྲི་སྡེ་བས་བསྐྱལ་བའི་རིམས་འགོག་བོད་སྨན་དང་ཐ་ན་སྲིད་གཞུང་གི་ཇ་མས་ཀྱང་རིམས་འགོག་ལས་དོན་གྱི་དགོས་མཁོ་དང་ལས་རེས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཉིན་གཅིག་ལ་ཟས་ཐུན་ཐེངས་ལྔ་ལ་གཡོ་སྐོལ་བྱས།
ད་ལོའི་དཔྱིད་གསར་དུས་ཆེན་ནི་སྤྱིར་བཏང་གི་དུས་ཆེན་ཞིག་མ་ཡིན་ལ། རིམས་ནད་ཀྱི་མདུན་དུ་ཁྱི་འབྲི་ཡུལ་ཚོའི་དང་བླངས་པ་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་བ། དམ་བཅའ་ལག་ལེན་དུ་བསྟར་བ་བཅས་བྱས་ཏེ་ཉེན་ཁའི་མདུན་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ“བདེ་འཇགས་དྲ་བ”དང“འགོག་སྲུང་བཙན་རྫོང”ཞིག་བསྐྲུན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།