སྡེ་སྡོད་ཧྲུའུ་ཅི་དང་པོས་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོ་བརྟན་སྲུང་བྱས།
2020.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

 ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་བྱེད་པའི་དམག་འཐབ་དྲག་པོའི་ནང་། རྨ་ལྷོ་ཁུལ་གྱི་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་ལས་བྱེད་མི་སྣ་བདུན་བརྒྱ་དང་རེ་གཅིག་རང་འགུལ་ངང་རིམས་འགོག་དམག་འཐབ་ཀྱི་ཡུལ་དངོས་སུ་བསྐྱོད་དེ། སྣེ་ཁྲིད་མིག་དཔེའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་རིམས་ནད་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་གསར་བ་བསྩལ་ཏེ།  ཐེངས་འདིའི་རིམས་འགོག་གི་ལས་ཡུལ་དང་པོར་ཏང་དར་ལྷབ་ལྷུབ་ཏུ་བསྐྱོད་པར་ཁག་ཐེག་བྱས།

དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་རིམས་ནད་འགོག་སྲུང་གི་དུས་ཚོད་དམ་འཛིན་བྱས།

རྨ་ལྷོ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མགྱོགས་མྱུར་ངང《རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པའི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས་ཤིང་། ཁུལ་ཡོངས་ཀྱི་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོས་སྣེ་ཁྲིད་དེ་དོགས་ཟོན་གྱི་བླང་བྱ་དོན་འཁྱོལ་དང་། མང་ཚོགས་རྩ་འཛུགས་དང་སྐུལ་སློང་།  རིམས་ནད་ལ་རྩད་ཞིབ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན། སྒྲིག་ཁྲིམས་བསྲུང་བྱ་བརྩི་སྲུང་བཅས་ཀྱི་སྣེ་ཁྲིད་དྲུག་གཞིར་བཟུང་ཏེ། རིམས་ནད་འགོག་སྲུང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་པ་དང་། ནུས་ཤུགས་ཡོད་རྒུས་བཅའ་སྡོད་སྡེ་བས་རིམས་ནད་འགོག་སྲུང་གི་བྱ་བ་སྣ་ཚོགས་སྤེལ་བར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན། ཐུན་རིན་རྫོང་གིས་ཁུལ་ཡོངས་ནས་ཐོག་མར་བྱ་སྤྱོད་སྤེལ་ཏེ། སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་མགྱོགས་མྱུར་ངང་རིམས་འགོག་དམག་འཐབ་ལ་ཞུགས་པ་དང་།  བྱེད་ཐབས་སྤྱད་སྣ་མང་སྤྱད་དེ། རིམས་ནད་འགོག་སྲུང་གི་དཔེ་སྟོན་སྣེ་ཁྲིད་པ་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན། གཅན་ཚ་རྫོང་གི་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པས་མཐའ་འཁོར་གྱི་རྫོང་སོ་སོའི་འགྲིམ་འགྲུལ་བཀག་སྡོམ་གྱིས་ལས་རྐང་དུ་ཕྱིར་ལོག་པར་དཀའ་ཁག་བཟོས་ནའང་། དཀའ་བ་ཁྱད་དུ་བསད་དེ་རོགས་སྐྱོར་བྱ་ཡུལ་གྱི་སྡེ་བར་སོང་ནས་དེ་མ་ཐག་ཏུ་རིམས་ནད་འགོག་སྲུང་གི་བྱ་བ་སྤེལ། རྩེ་ཁོག་རྫོང་གི་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པས་རིམས་ནད་ཀྱི་གནས་ཚུལ་ཤེས་མ་ཐག  མགྱོགས་མྱུར་ངང་རིམས་འགོག་གི་ལས་ཡུལ་དང་པོར་བསྐྱོད་དེ། བྱ་སྤྱོད་དངོས་ཀྱིས་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོའི་འགན་འཁྲི་དང་ཁག་ཁུར་གྱི་འདུ་ཤེས་མངོན་པར་བྱས། ཧི་ནན་རྫོང་གིས་སྡེ་སྡོད་དབུལ་སྐྱོར་གྱི་ཧྲུའུ་ཅི་དང་པོ་དང་ལས་བྱེད་པས་རིམས་ནད་འགོག་སྲུང་བྱ་བ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལག་ལེན་གྱི་འཐབ་རར་བརྩིས་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་གི་སྲུང་རགས་ནན་མོ་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཧུར་ཐག་གིས་ཟབ་ཞུགས་བྱས་ཏེ་རིམས་ནད་འགོག་སྲུང་གི་ལྡོག་སྐྱོད་པ་ལེགས་པོ་བྱས།

ཁུལ་ཡོངས་ཀྱི་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་གིས་ཧུར་ཐག་གིས་འབོད་སྐུལ་དང་དུ་བླངས་ཏེ། རང་འགུལ་སྒོས་ལོ་གསར་གྱི་གུང་གསེང་བསྐྱུར་ཏེ། ཕྱིར་ལས་རྐང་དུ་ལོག་ནས་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོར་ཞུགས་ནས།  རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོའི་ཆེས་མཛེས་པའི་ལྡོག་སྐྱོད་པར་གྱུར།

རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོ་ནས་དཀའ་སྡུག་ལ་མི་སྐྲག་ཟེར་བ་ནི་རྫུན་ཡིན་མོད། འོན་ཀྱང་ངས་མི་གཞན་པར་སྲུང་སྐྱོབ་བྱེད་པ་ཅི་བཞིན་ད་དུང་ང་ལྟ་བུའི་ཧྲུའུ་ཅི་དང་པོ་མང་པོ་ཞིག་གིས་ཀྱང་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོ་ནས་ཁྱིམ་ཚང་མང་པོར་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་ཀྱིན་པ་དེ་ཤེས་ཐུབ།

རྒྱ་ལོའི་ཚེས་ལྔ་ཉིན་ནས་བཟུང་། ཐུན་རིན་རྫོང་རོང་བོ་གྲོང་རྡལ་ཚོ་བཞི་སྡེ་བའི་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོ་ཀྲིན་ཧོས་མྱུར་དུ་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོར་སོང་ནས། ཉིན་རེར་སྡེ་བ་དང་ཁྱིམ་ཚང་རེ་རེའི་རིམས་ནད་འགོག་སྲུང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། མི་རེ་རེར་ཞིབ་བཤེར་དང་ཚ་གྲངས་ལ་བལྟ་བ་དེ་ནི་ཁོའི་ཉིན་རེའི་རྒྱུན་ལྡན་གྱི་ལས་ཀར་གྱུར་ཡོད། ཉིན་གཅིག་གི་བྱ་བར་བྲེལ་ཚར་རྗེས་ཁོས་ད་གཟོད་ཟི་ལིང་དུ་ཡོད་པའི་ཨ་མར་ཁ་པར་བཏང་ཏེ་དོན་དག་མེད་ཚེ་སྒོ་ཕྱིར་མི་འགྲོ་བ་དང་སྡོད་ཁུལ་གྱི་དོ་དམ་དང་ལེན་བྱས་ཏེ། རང་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་ཞེས་བཤད། ང་ནི་སྡེ་བའི་ཧྲུའུ་དང་པོ་ཡིན་པའི་ཆ་ནས་མདུན་དུ་མཆོང་དགོས་ལ། ང་ཚོས་སྟོབས་ཤུགས་ཇི་ཙམ་བཏོན་ན་སྡེ་བ་དེ་ལྟར་བདེ་འཇགས་ཡིན་སྲིད།

ཉིན་ཞིག་ཐུན་རིན་རྫོང་བཙན་མོ་ཞང་ཧོར་སྡེ་བའི་ལོ་ལོན་ཞིག་ཚེ་ལས་འདས་སོང་བས། སྡེ་སྡོད་དབུལ་སྐྱོར་ལས་བྱེད་རུ་ཁག་གི་རུ་མི་བླ་མ་ཚེ་རིང་གུང་ཇ་འཐུང་ཁོམ་ཡང་མ་བྱུང་བར་མྱུར་དུ་ལག་གི་དཀར་ཡོལ་བཞག་ནས་འདས་པོ་དེ་ཚང་ལ་སོང་ནས།  ཁྱིམ་མིར་སེམས་གསོ་དང་སློབ་གསོ་བཏང་བར་མ་ཟད། རིམས་ནད་འགོག་སྲུང་གི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་གསལ་བོར་བཤད། རིམས་ནད་འགོག་སྲུང་གི་སྐབས་འདིར་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་ཏང་ཨུ་ཡིས་མི་མང་མཉམ་དུ་མི་འདུ་བར་གཏན་འཁེལ་གསལ་བོ་བྱས་ཡོད་ལ། ཉེན་ཁ་ཅུང་ཙམ་ཡོད་ནའང་ང་ཚོས་ཀྱང་སྡེ་མི་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དེ་སྣང་མེད་དུ་གཏན་ནས་འཇོག་མི་རུང་།

བླ་མ་ཚེ་རིང་གིས་སློབ་གསོ་དང་ཁྲིད་སྟོན་བྱས་པ་བརྒྱུད་དེ། སྲོལ་རྒྱུན་གྱི་འདས་མཆོད་ དེ་སྟབས་བདེའི་ངང་སྒྲུབ་ནས་དུས་ཐོག་ཏུ་རིམས་ནད་འགོག་སྲུང་གི་ཉེན་ཁ་ཆུང་དུ་བཏང་། དེ་དང་ཆབས་ཅིག  བླ་མ་ཚེ་རིང་གིས་དུས་ཐོག་ཏུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྡེ་བའི་ཉེན་རྟོག་པ། སྡེ་བའི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་སོགས་སྡེ་བའི་རྐང་འཛིན་མི་སྣའི་སྐད་འཕྲིན་བྱ་བའི་ཚོགས་པ་བཙུགས་ཏེ། ནམ་ཡིན་ཡང་སྡེ་བའི་རིམས་ནད་འགོག་སྲུང་གནས་ཚུལ་ཤེས་ཐུབ་པ་བྱས་པར་མ་ཟད། གནས་དེ་ནས་རྒྱུ་ཆ་འཚོལ་སྡུད་བྱས་ནས་བོད་སྐད་སྒྲ་ལམ་སྒྲིག་བཟོ་དང་། སྡེ་བའི་བསྐོར་སྐྱོད་སྒྲ་དུང་བཀོལ་སྤྱོད་སོགས་བྱེད་སྟངས་སྣ་མང་བརྒྱུད་དེ་དུས་ཐོག་ཏུ་རིམས་ནད་འགོག་སྲུང་གི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་ནས་སྡེ་བ་ཡོངས་ཀྱི་བསྔགས་བརྗོད་ཐོབ།

རིམས་ནད་འགོག་སྲུང་གི་ཞིབ་བཤེར་པ་ལེགས་པོ་བྱས།

རྐང་མོ་སྡེ་བ་ནི་གཙན་ཚ་རྫོང་གཅན་ཚྭ་ཐང་ཞང་གི་རྒྱང་ཐག་རིང་བོའི་སྡེ་བ་ཞིག་ཡིན་ཞིང་། འགྲིམ་འགྲུབ་སྟབས་མི་བདེ་ལ། སྡོད་གནས་ཐར་ཐོར་ཡིན་པ་རེད།  སྡེ་བའི་དོན་དངོས་ཀྱི་རྨང་གཞིའི་སྟེང་།  རིམས་ནད་འགོག་སྲུང་གི་བྱ་བ་ཇི་ལྟར་བཟང་བོར་སྒྲུབ་རྒྱུ་ནི། གཅན་ཚ་ཐང་ཞང་རྐང་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ལྷུན་པོའི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོར་གྱུར་ཡོད།  ལྷུན་པོ་ལས་གནས་སུ་ཕྱིར་ལོག་པའི་དུས་ཚོད་དང་པོའི་ནང་ཁྱིམ་ཚང་རེ་རེར་བསྐྱོད་པ་དང་། ཡུལ་དངོས་ནས་རྟོག་ཞིབ་དང་ཞིབ་བཤེར་བྱས་ཏེ་སྡེ་བའི་གནས་ཚུལ་དངོས་ལ་རྩད་ཞིབ་བྱས་པ་དང་། སྡེ་བའི་ནང་ཞིང་ཆེན་གཞན་པར་གནས་སྐོར་དུ་སོང་ཡོད་མེད་ཀྱི་གནས་ཚུལ་སོགས་རེ་རེ་བཞིན་ཐོ་འགོད་བྱས་པར་མ་ཟད། སྡེ་བའི་རྒན་པ་བསམ་ཤེས་ཅན་དང་ཏང་ཡོན་རྒན་པ་བསྡུ་རུབ་བྱས་ཏེ། སྡེ་སྡོད་བྱ་བའི་རུ་མི་དང་མཉམ་དུ་སྡེ་བའི་རིམས་ནད་འགོག་སྲུང་གི་བྱེ་བྲག་གི་བྱེད་ཐབས་ལ་གྲོས་སྡུར་བྱས་ནས། སྡེ་བའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་རིམས་ནད་འགོག་སྲུང་ཁྲོད་ཞུགས་པ་དང་། ཁག་བགོས་འགན་སྒྲུབ་བྱེད་པ། འགོག་སྲུང་ནན་མོ་བྱེད་པ། དྲ་རྒྱ་གཉེར་མཁན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས་རིམས་ནད་འགོག་སྲུང་གི་སྲུང་རགས་ཇེ་བརྟན་དུ་གཏོང་དགོས་པའི་གྲོས་གཞི་བཏོན།

ཚེ་སྲོག་ལ་ཐུག་པའི་གནད་འགག་གི་དུས་འདིར་སུས་ཀྱང་སྣང་མེད་རྒྱབ་སྐྱུར་བྱེད་མི་རུང་། རིམས་ནད་འགོག་སྲུང་ནི་གུང་ཁྲན་ཏང་མི་རེ་རེའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་ཞིང་། དབུལ་ཐར་མཁྲེགས་གཏོར་བྱེད་པར་ངས་རྐང་མོ་སྡེ་བའི་ཡུལ་མི་ཚོ་དང་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན་ལ། རིམས་ནད་འགོག་སྲུང་གི་སྐབས་འདིར་ ཡང་ངས་སྔར་བཞིན་ཁོ་ཚོ་དང་མཉམ་དུ་འབད་འཐབ་བྱས་ཏེ། ས་ཁོངས་སྲུང་བའི་འགན་འཁྲི་ཕྲག་ཏུ་བླངས་ནས་ནམ་ཡང་ལྷོད་གཡེང་མི་བྱེད་ཅེས་ཟླ་ཕྱེད་ཀྱི་རིང་ལ་རིམས་འགོག་གི་ལས་གནས་བརྟན་སྲུང་བྱས་པའི་ལྷུན་པོ་ཡིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད་བྱུང་།

གཅན་ཚ་རྫོང་སྣང་ར་ཞང་ཤ་བཟང་ཐང་སྡེ་བ་དང་པོ་ནས་ཏང་དར་ལྷབ་ལྷུབ་བསྐྱོད་ཀྱིན་ཡོད་ལ། སྒྲ་དུང་ནས་སྒོ་ཕྱིར་མི་འགྲོ་བ་དང་མཉམ་དུ་མི་འཛོམས་པ། ལག་པ་གཙང་མར་བཀྲུ་བ། ཁ་ཐུམ་རྒྱག་དགོས་ཞེས་རིམས་ནད་འགོག་སྲུང་གི་ཚན་རིག་ཁྱབ་གདལ་ཤེས་བྱ་བསྒྲགས་བཞིན་ཡོད།

སྣང་ར་ཞང་ཤ་བཟང་ཐང་སྡེ་བ་དང་པོའི་ཧྲུའུ་ཅི་དང་པོ་རྡོ་ཕྲུག་གིས་སྣེ་ཁྲིད་དེ་ཕྱི་ནས་ཡོང་བའི་མི་སྣར་ཞིབ་བཤེར་བྱས། རྒྱ་ལོའི་ཚེས་གཉིས་ཉིན། རྡོ་ཕྲུག་གིས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིར་ཁ་པར་བཏང་ནས། ཧྲུའུ་ཅི། ཐེངས་འདིའི་རིམས་ནད་ཆེས་ཚབས་ཆེ་བས། ང་ད་ལྟ་སྡེ་བར་བསྐྱོད་ཀྱིན་ཡོད། སྡེ་བ་རེ་རེའི་ལམ་མདོར་མི་སྣ་བཀོད་སྒྲིག་བྱས་ནས་རེས་མོས་ཀྱིས་སྲུང་དགོས། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་ཁོ་ནས་མི་འདང་བས། ང་ཚོ་དབུལ་སྐྱོར་ལས་བྱེད་རུ་ཁག་ཀྱང་ཡོང་ནས་མཉམ་དུ་འགོག་སྲུང་དམ་འཛིན་བྱེད་དགོས་ཅེས་བཤད།

རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་རྒྱ་ཚང་སྡེ་བའི་ཧྲུའུ་ཅི་དང་པོ་འབྲུག་རྡོ་ཡིས་ལོ་གསར་གྱི་གུང་གསེང་བསྐྱུར་ནས། རང་འགུལ་ངང་རིམས་ནད་འགོག་སྲུང་བྱ་བའི་ཁྲོད་ཞུགས། རིམས་ འགོག་ཞིབ་བཤེར་ཚད་ལེན་ས་ཚིགས་སུ་རིམས་འགོག་སྒྲིག་ཆས་དངོས་འབེབས་བྱས་མེད་པ་ཤེས་རྗེས། ཁོ་དེ་མ་ཐག་ཁྱིམ་དུ་ལོག་ནས་རང་གི་ཆུང་མ་ལ་རིམས་ནད་ཀྱི་སྐབས་འདིར་དངོས་རྗས་དཀོན་པས། རང་ཉིད་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས་རང་ཁྱིམ་གྱི་སྦྲ་གུར་བཀོལ་ནས་སྡེ་བའི་ལམ་མདོར་གནས་སྐབས་ཀྱི་ཞིབ་བཤེར་ས་ཚིགས་ཅིག་བཙུགས་ཏེ། སྡེ་བའི་འགག་སྒོ་འདི་དམ་སྲུང་བྱས་ནས་རིམས་ནད་ང་ཚོ་སྡེ་བར་མཆེད་པར་སྔོན་འགོག་དང་སྡེ་མི་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཞེས་བཤད།

རྩེ་ཁོག་རྫོང་ཧོར་གྲོང་རྡལ་བྲག་དཀར་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ཤ་བོ་རྡོ་རྗེ་ཡིས་དུས་ཚོད་དང་པོའི་ནང་ཁ་ཐུམ་བརྒྱ་དང་ཚ་གྲངས་བརྟག་ཆས་གཉིས་བཅས་ཉོས་བ་དང་། དུས་ཐོག་ཏུ་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་དྲ་རྒྱའི་བྱ་བ་གཉེར་མཁན་རྩ་འཛུགས་བྱས་ཏེ་སྡེ་བའི་ལམ་མདོ་ཚང་མར་ཕྱིར་མངགས་སློབ་གསོ་གཏོང་ས་བཙུགས་པར་མ་ཟད། ཁྱིམ་ཚང་རེ་རེ་བཞིན་ས་གཞན་ནས་ཕྱིར་སྡེ་བར་ལོག་པའི་མི་སྣར་རྩད་ཞིབ་བྱས་ཏེ། རིམས་ནད་འགོག་སྲུང་གི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས།

ལོ་ཙཱ། སྒྲོལ་མ་སྐྱིད།