རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དཔྱིད་འདེབས་བྱ་བར་གྲ་སྒྲིག་གང་ལེགས་བྱས།
2020.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ལོ་གཅིག་གི་བྱ་བ་དཔྱིད་ཀ་ནས་མགོ་རྩོམ་དགོས་པ་བཞིན།རིམས་ནད་བྱུང་བའི་སྐབས་འདིར།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་བྱེད་པའི་ལམ་ཕྱོགས་གཙོ་བོར་ཡར་སྐུལ་བྱེད་པར་དམིགས་ཏེ།དཔྱིད་འདེབས་ལ་གྲ་སྒྲིག་བཟང་པོ་བྱས་པ་དང་།རིམས་འགོག་དང་ཐོན་སྐྱེད་གཉིས་དམ་འཛིན་བྱེད་པར་ཁག་ཐེག་བྱས།

ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་ཞིང་བའི་ཡོང་སྒོ་འཕར་བར་སྐུལ་འདེད་བྱེད་རྒྱུ་རེད།

ཐུན་རིན་རྫོང་ཡོངས་ཀྱིས“འབྲུ་རིགས་བརྟན་འཇགས་དང་།ལས་གཉེར་བཟང་པོ་བྱེད་པ།སྔོ་ཚོད་འདེབས་ཚད་རྒྱ་བསྐྱེད་པ།གཟན་རྩྭ་ཇེ་མང་དུ་གཏོང་བ”སོགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་གི་བསམ་ཕྱོགས་ལྟར།ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་།ས་ཁོངས་བཀོད་སྒྲིག ཁྱད་ཆོས་ལྡན་པའི་འདེབས་འཛུགས་རྒྱ་བསྐྱེད་དེ།གཞི་ཁྱོན་འདེབས་འཛུགས་ལས་རིགས་ཀྱི་ཕན་འབྲས་ཇེ་ཆེར་བཏང་།ད་ལོར་ས་མུའུ་འབུམ་གཅིག་དང་ཁྲི་གཅིག་ལྷག་གི་སྟེང་ཞིང་ལས་ལོ་ཏོག་འདེབས་པ་དང་།ས་མུའུ་སྟོང་གཉིས་ཀྱི་སྟེང་གཙོ་བོ་ཡུལ་སིལ་འདེབས་རྒྱུ་ཡིན་ཞིང་།རི་ཁུལ་གྱི་ས་མུའུ་ཁྲི་གཅིག་དང་སྟོང་བརྒྱད་བཞི་བརྒྱའི་སྟེང་དུ་ནས་འདེབས་རྒྱུ་དང་།ས་མུའུ་ཁྲི་གཅིག་གི་སྟེང་དུ་ཞོག་ཁོག་དང་།ས་མུའུ་ཁྲི་གཅིག་གི་སྟེང་དུ་སྨན་རྩྭ།ཆུ་གཏོང་ཐུབ་སའི་ས་མུའུ་སྟོང་གཅིག་གི་སྟེང་དུ་མ་རྨོས་ལོ་ཏོག་དང་།ས་མུའུ་དྲུག་བརྒྱའི་སྟེང་དུ་གྲོ་མ།ས་མུའུ་ཁྲི་གཅིག་དང་སྟོང་ལྔའི་སྟེང་དུ་གཟན་རྩྭ་སོགས་འདེབས་རྒྱུའི་འཆར་གཞི་བཟོས་ཏེ།ཤུགས་ཆེན་པོའི་སྒོ་ནས་ཞིང་ལས་ཀྱིས་ཕྱུགས་ལས་ལ་སྐུལ་འདེད་གཏོང་བ་དང་།ཕྱུགས་ལས་ཀྱིས་ཞིང་ལས་ལ་ཁ་གསབ་བྱེད་པ།ཞིང་ཕྱུགས་ཕན་ཚུན་གསབ་རེས་བྱེད་པའི་མ་ལག་ཅིག་གྲུབ་པར་བྱས་ཏེ།འདེབས་གསོ་ཟུང་འབྲེལ་གྱི་རྩྭ་ཕྱུགས་མཉམ་སྒུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་།སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།ཟླ་གཉིས་པའི་ཟླ་སྨད་ནས་བཟུང་།ཐུན་རིན་རྫོང་གིས་ཆུ་མ་ས་ཁུལ་ནས་མགོ་བརྩམས་ཏེ་རིམ་བཞིན་ཞིང་འདེབས་རྒྱུ་རེད།

ཞིང་ལས་དངོས་རྫས་མཁོ་སྤྲོད་ལ་ཤུགས་སྣོན་དང་།དཔྱིད་འདེབས་ཐོན་སྐྱེད་ལ་ཞབས་ཞུ་བསྒྲུབ་རྒྱུ་རེད།རོང་འབྲོག་མང་ཚོགས་ཀྱི་རྨོ་འདེབས་དགོས་མཁོ་དངོས་དང་འབྲེལ་ནས།རྨོ་འདེབས་འཆར་གཞི་དང་ས་བོན་སྣ་ཚོགས་གྲ་སྒྲིག་གསོག་འཇོག་བྱས་པ་ལྟར།ད་ལོའི་དཔྱིད་འདེབས་ལ་ཐོན་སྐྱེད་རྒྱུ་ཆ་འདང་ཚིམ་པ་མཁོ་འདོན་བྱེད་པར་ཁག་ཐེག་བྱས།ཞིང་ཕྱུགས་དང་།ཚོང་རའི་ལྟ་རྟོགསྤྱི་བདེ་སོགས་སྡེ་ཁག་རྩ་འཛུགས་སྒོས་མཉམ་འབྲེལ་གྱིས་ཞིང་ལས་དངོས་རྫས་རྫུན་མ་དག་ཐེར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ།རྒྱུ་སྤུས་ནན་འཛིན་བྱས།མིག་སྔར།ས་བོན་སྣ་ཚོགས་སྤྱི་རྒྱ་འབུམ་གཅིག་དང་ཁྲི་དྲུག་སྟོང་དྲུག་སུམ་བརྒྱ་གྲ་སྒྲིག་གསོག་འཇོག་བྱས་ཡོད་པ་དང་།དེའི་ནང་གྲོ་ཡི་སོན་བཟང་སྤྱི་རྒྱ་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་དང་།ལོག་དཀར་ས་བོན་སྤྱི་རྒྱ་སྟོང་བདུན་དང་སུམ་བརྒྱ་བཅས་ཡོད།ཐུན་རིན་རྫོང་གིས་ད་དུང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ལ་འབྲེལ་གཏུག་བྱས་ཏེ་སྐྱེ་ལྡན་ལུད་རྒྱ་ཁྱབ་དུ་བཀོལ་བའི་ཚོད་ལྟ་རྫོང་གི་འབྲེལ་ཡོད་བྱ་བར་རྒྱུས་ལོན་བྱས་པ་དང་།ཞིང་སྨན་དང་ལུད་རྫས་ཇེ་ཉུང་དུ་བཏང་ནས་ཕན་འབྲས་འཕར་སྣོན་ཡོང་བའི་འགུལ་སྐྱོད་སྤེལ་ཏེ།མང་ཚོགས་ཀྱིས་ཚན་རིག་ལྟར་ལུད་རྫས་འཇོག་པར་ཁྲིད་སྟོན་དང་།ས་ཞིང་གཤིན་པོར་བསྒྱུར་བ།ཞིང་སྨན་བཀོལ་ཚད་ཇེ་ཉུང་དུ་གཏོང་བ།ཁོར་ཡུག་ལ་བཙོག་སྐྱོན་བཟོ་ཚད་ཇེ་ཉུང་དུ་བཏང་སྟེ།ཞིང་ལས་ཀྱི་ལྗངགམདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཞིང་ལས་འཕྲུལ་ཆས་ལ་བརྟག་དཔྱད་ཞིག་གསོ་དང་།འཕྲུལ་ཆས་ཀྱི་ལས་ཀ་གཉེར་བའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགུལ་སྐྱོད་སྤེལ།ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཞིང་ས་ལེགས་སྒྲིག་དང་།རྨོ་འདེབས་འཕྲུལ་ཆས་སོགས་ཞིང་ལས་འཕྲུལ་ཆས་ལ་རྟག་དཔྱད་ཞིག་གསོ་དང་།ཇེ་བཟང་དུ་གཏོང་བ་སོགས་བྱས་ནས།རྒྱ་ཆེའི་ཞིང་བ་ཁྱིམ་ཚང་དང་།ཞིང་ལས་འཕྲུལ་ཆས་བཀོལ་མཁན་ལ་ཞིང་ལས་འཕྲུལ་ཆས་ལ་དུས་རྒྱུན་སྲུང་སྐྱོབ་བྱེད་པ་དང་།བཀོལ་བའི་ཤེས་བྱ།བདེ་འཇགས་རྒྱུན་ཤེས་སོགས་ཁྱབ་གདལ་དུ་བཏང་།ཉེ་ལམ།ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་བརྟག་དཔྱད་བྱེད་པའི་འགུལ་སྐྱོད་བསླངས་ཏེ།ལས་གཉེར་རྫུན་བཟོ་བྱས་ཏེ་ཞིང་ལས་འཕྲུལ་ཆས་བསྐོར་བ་དང་།བྱང་བུ་མེད་པར་འཕྲུལ་ཆས་བསྐོར་བ།ཁ་ལོ་བའི་འཛིན་ཡིག་མེད་པར་ཁ་ལོ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་སྟེ།བདེ་འཇགས་ཀྱི་གནད་དོན་འབྱུང་སྲིད་པ་མཐའ་དག་མེད་པར་བཟོས་ཏེ།དཔྱིད་འདེབས་དང་རྨོ་འདེབས་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།

གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་སྟེ།ཚན་རིག་གིས་འདེགས་སྐྱོར་བྱས།

ལོ་མགོར་ཁོམ་ཡོད་པའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ།“རོང་འབྲོག་མང་ཚོགས་ལ་རྣམ་པ་གསར་བའི་ལས་རིགས་གསོ་སྦྱོང་བྱེད་པའི་བཟོ་སྐྲུན”ལ་གཞི་བཅོལ་ནས།འདེབས་གསོ་ཁྱིམ་ཆེན་དང་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཐད་ནས་ཞིང་ལས་གཉེར་བཞིན་པའི་མི་སྣ་ཉིས་བརྒྱ་དང་ང་དྲུག་ལ་གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་དུ་བཅུག་པ་དང་།རྫོང་གཞན་པར་ལྟ་ཞིབ་གསོ་སྦྱོང་ལ་འགྲོ་རུ་བཅུག ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་བ་དང་སྣ་ཁ་གསར་བ་རྒྱ་སྐྱེད་དུ་གཏོང་བ་དང་།འདེབས་གསོ་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་བརྒྱུད་དེ།རྫོང་གཞན་པའི་སྔོན་ཐོན་བྱེད་ཐབས་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ།རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལས་གཉེར་རྣམ་པ་བསྒྱུར་བར་རིམ་བཞིན་སྣེ་ཁྲིད་བྱས་ནས་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད།དུས་མཚུངས་སུ།རྨོ་འདེབས་སྐབས་སུ་ཞིང་ལས་ཚན་རྩལ་མི་སྣ་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་མངགས་ནས་ཡུལ་དངོས་ནས་ཚན་རྩལ་བློ་འདྲིའི་ཞབས་ཞུ་དང་དཔྱིད་འདེབས་ཀྱི་སྤུས་ཚད་སྲ་བརྟན་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།

བདེ་འཇགས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ།ཐན་འགོག་གནོད་སེལ་བྱ་བ་བཟང་པོར་བསྒྲུབ་དགོས།བྱ་བའི་མཐུན་སྦྱོར་ནང་རྐྱེན་བཙུགས་ཏེ།ཞིང་ཕྱུགས་དང་།གནམ་གཤིས་བརྟག་དཔྱད་སྡེ་ཁག་ལ་དུས་ངེས་གཏན་ནང་འབྲེལ་འདྲིས་བྱས་ནས།གནམ་གཤིས་ཀྱི་འགྱུར་ལྡོག་དུས་ལྟར་ཤེས་པར་བྱེད་པ་དང་།ཐན་པའི་གནས་ཚུལ་དང་།སེར་བ་ཡོད་མེད།དྲོད་གྲང་མར་འབབ་པ།ཁངས་རླུང་དྲག་པོ་སོགས་ཀྱི་ཚད་འཇལ་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ།སྔ་མོ་ནས་ཐན་པ་དང་ཁངས་ཀྱི་གནོད་པ་འགོག་པའི་བྱེད་ཐབས་བཟོས་ནས།དཔྱིད་འདེབས་ཀྱི་ཐན་པའི་གནས་ཚུལ་དང་དྲོད་གྲང་དང་ཁངས་གནོད་སོགས་ཀྱི་གནམ་གཤིས་ངན་པའི་ཤན་ཤུགས་ཇེ་ཉུང་དུ་བཏང་སྟེ།ཕན་འབྲས་ལྡན་པའི་སྒོ་ནས་ཞིང་ལས་ལོ་ཏོག་དང་ཕྱུགས་ཟོག་ལ་རང་བྱུང་གི་གནོད་འཚེའི་གྱོང་གུད་བཟོ་བ་ཇེ་ཉུང་དུ་གཏོང་རྒྱུ་རེད།སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།མྱུར་དུ་གྲ་སྒྲིག་བྱ་བ་དམ་འཛིན་དང་གནོད་འགོག་ཕྱུགས་སྐྱོབ་ཀྱི་མ་དངུལ་སྒོར་མོ་འབུམ་གཉིས་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱས་ཤིང་།གཟན་རྩྭ་ཏུན་བརྒྱ་དང་བདུན་ཅུ་ཉོས་ཏེ།ལོ་ཧྲིལ་བོའི་བརྟན་འཇགས་ཐོན་སྐྱེད་ཀྱི་ཡོང་སྒོ་འཕར་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱས།ཞིང་ལས་ལོ་ཏོག་དང་སྔོ་ཚོད་དྲོད་ཁང་སོགས་ཞིང་ལས་ཉེན་སྲུང་ཁྱབ་གདལ་དུ་གཏོང་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ།རོང་འབྲོག་མང་ཚོགས་ཀྱིས་ཉེན་སྲུང་ཉོ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་།སྲོག་ཆགས་ཀྱི་རིམས་འགོག་བྱ་བ་བཟང་པོར་སྒྲུབ་ཏེ།མགོ་ཁུངས་ནས་ཞིང་ཕྱུགས་ལས་ཀྱི་ཉེན་ཁ་འགོག་པའི་ནུས་པ་ཇེ་མཐོར་བཏང་།

                                                                                                                        ལོ་ཙཱ། ཚེ་རིང་སྒྲོལ་མ།