དཔྱིད་ཐོག་མའི་ཁ་བའི་ཀློང་ན་རྩྭ་ཐང་ཆེན་མོའི་ཁོང་གསེང་ན་ཆགས་པའི་མཚོ་ཆུང་སྡེ་བ་དེ་སྔར་ལས་ལྷིང་ཞིང་འཇགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཞང་མཚོ་ཆུང་སྡེ་བར་ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་སྤོབས་པས་ཡོངས་སུ་ཁེངས་ཏེ། འབྱོར་འབྲིང་འཚོ་བའི་ལམ་དུ་ཧུར་གྱིས་སྐྱོད་བཞིན་འདུག
ད་ལོ་ལོ་ན47ལ་སོན་པའི་ཟོན་ཐར་སྐྱིད་ཚང་ནི་ཉེ་བའི་ལོ་འགའི་སྔོན་དུ་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་ཞིག་ཡིན་ན་ཡང་། ད་ལྟ་ཁོ་ཚང་གི་ཁང་པའི་གྱང་ངོས་སུ“དབུལ་ཐར་གཟི་བརྗིད”དར་དམར་ཞིག་མཐོན་པོར་བཀལ་འདུག ཟོན་ཐར་སྐྱིད་དང་མོའི་བུ་མོ་གཉིས་ཀྱིས་ནམ་རྒྱུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་ང་རོལ་བཞིན་ཡོད་པ་དང་། ཁོ་ཚང་སྐབས་ཤིག་ལ་དབུལ་ཕོངས་ཀྱི་གནས་སུ་ལྷུང་ན་ཡང་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོའི་འོག ད་ལྟ་ཁོ་ཚང་ཁོད་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་བའི་ནང་འདུག་ཐུབ་ཡོད་པར་མ་ཟད། ད་དུང་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་སྤྱད་དེ་ནོར་ལུག་ཉོས་ནས་ཁྱིམ་གྱི་གསོ་ཚད་ཀྱི་གཞི་ཁྱོན་ཆེ་རུ་སོང་ཡོད། ད་ལྟ་ཕྱུགས་ལས་གཉེར་བའི་ཡོང་འབབ་དེས་ཁོ་ཚང་གི་ཁྱིམ་ཚང་གི་འཚོ་བར་འགན་སྲུང་བྱེད་ཐུབ་ཀྱི་ཡོད་པའི་མི་ཚད་ལྷག་མའང་ཡོད་པ་རེད།
ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཟོན་ཐར་སྐྱིད་ཀྱིས་ཀྱང་རང་གི་ཁྱིམ་ཚང་ཆུང་ཆུང་དེའི་ཕྱི་ནང་ཀུན་ཏུ་གཙང་སྤྲ་ཡག་པོ་བྱས་འདུག མོས་རྒྱ་སྐད་དེ་འདྲའི་ཡག་པོ་ཞིག་བཤད་མི་ཤེས་མོད། ཏང་གི་སྲིད་ཇུས་བཟང་བོ་གླེང་ཡོང་བའི་སྐབས་སུ་མོས་ཡང་ཡང་མཐེ་བོང་བསྒྲེངས་ནས་མུ་མཐུད“ཡག་པོ་འདུག”ཅེས་བཤད་བྱུང་།
མཚོ་ཆུང་སྡེ་བ་ནི་ཧེ་ཡན་རྫོང་གི་ནུབ་བྱང་རྒྱུད་དུ་ཆགས་ཤིང་། རྫོང་མཁར་དང་བར་ཐག་སྤྱི་ལེ་60ཙམ་ཡོད་པ་དང་། སྡེ་བ་དེར་རྒྱ་རིགས་དང་བོད་རིགས། ཁ་ཆེའི་རིགས། ཧོར་རིགས་བཅས་ཀྱིས་གྲུབ་པའི་ཁྱིམ་ཚང་298དང་མི་910ཡོད་པ་རེད། མི་རབས་ནས་མི་རབས་སུ་འབྲོག་ལས་གཙོ་བོ་གཉེར་པའི་མཐོ་སྒང་གི་སྡེ་བ་འདི་ལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མ་དངུལ་དཀོན་པ་དང་། ཕྱོགས་གང་ཐད་ཀྱི་ལག་རྩལ་ཤིན་ཏུ་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་སྡེ་བ་དེ་ཡོངས་སུ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཁྱིམ་60ལྷག་ཙམ་དང་མི་གྲངས་191ཡོད་པ་རེད། དེ་བས་ཇི་ལྟར་བྱས་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱེད་རྒྱུ་དེ་ནི། སྡེ་བ་དེར་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ལ་མཚོན་ན་དཀའ་གནད་ཅིག་ཏུ་གྱུར་ཡོད་པ་རེད།
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་སྡེ་སྡོད་དབུལ་སྐྱོར་བྱ་བའི་ཚོ་ཆུང་དེ་སྡེ་བར་ཡོང་བ་དང་བསྟུན་ནས། མཚོ་ཆུང་སྡེ་བར་ཁ་གཏད་དབུལ་སྐྱོར་བྱེད་པའི་བྱ་བ་དེ་མགོ་བརྩམས་པ་ཞིག་རེད། དཀའ་བ་སྤྱད་ན་འབྲས་བུ་འབྱུང་ཞེས་པའི་དཔེ་ལྟར། གནད་འཁེལ་ཇུས་འདོན་དང་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་མང་དུ་སྤྱད་རྗེས། ད་ལྟ་མཚོ་ཆུང་སྡེ་བའི་ཕྱོགས་ཡོངས་ནས་དབུལ་ཐར་གྱི་དམིགས་ཚད་དྲུག་ཏུ་སླེབས་ནས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། སྡེ་བ་ཡོངས་ཀྱི་དབུལ་བོའི་ཚད་དེ་2015ལོའི་གནད་འཁེལ་དབྱེ་འབྱེད་བྱེད་སྐབས་ཀྱི་21.24%ནས་མིག་སྔའི་0%བར་མར་ཆག་ཡོད་པ་རེད།
བརྒྱུད་རིམ་དེའི་ཁྲོད་དུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་“གཞན་བརྟེན”ཐད་འབད་བརྩོན་བྱས་པར་མ་ཟད་དམངས་ཕན་སྲིད་ཇུས་ཁག་ཧུར་བརྩོན་ཆེན་པོས་དྲིལ་སྒྲོག་བྱས་པ་དང་། རོགས་སྐྱོར་མ་དངུལ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་པ་དང་ཆབས་ཅིག ད་དུང“རང་བརྟེན”ཐད་ནས་འཕེལ་རྒྱས་བརྩོན་ལེན་བྱས་ཏེ། ཐོན་ལས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁྱད་སྟོབས་ཆེ་རུ་བསྐྱེད་པར་རམ་འདེགས་གང་ལེགས་ཏེ། སྡེ་མི་རྣམས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་“ཁེ་ཕན”ལོངས་སུ་སྤྱོད་པའི་ཁྲོད་དུ་ཡོང་འབབ་འཕར་སྣོན་བྱུང་ཞིང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་བྱེ་བ་གསུམ་བཏང་ནས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། མཚོ་ཆུང་སྡེ་བ་མཚོ་སྔོན་པོའི་འགྲམ་ངོགས་སུ་ཆགས་པའི་ས་བབ་ཀྱི་ལེགས་ཆར་དམིགས་ཏེ་ཡུལ་སྐོར་དོ་དམ་གྱི་བྱེད་ཐབས་སྣ་ཚོགས་བཏོན་པ་བརྒྱུད། ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་ད་ལྟ་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པའི་མཚོ་ཆུང་སྡེ་བའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་འགུག་བཞིན་འདུག
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་མཚོ་ཆུང་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་བསྟན་འཛིན་རྒྱ་མཚོས་བཤད་རྒྱུར། མིག་སྔར་ང་ཚོས་དམངས་གཉེར་ཁེ་ལས་ཤིག་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ལོ་རེར་སྒོར་འབུམ་གཅིག་དང་ཁྲི་བདུན་སྟོང་ལྔ་ལྟར་གནས་སྐོར་ས་ཁུལ་དེ་ཕྱི་ལ་གླས་ཡོད་པ་དང་། གླས་དངུལ་དེ་དག་བགོ་བཤའ་རྒྱག་སྟངས་ལྟར་སྡེ་མི་རྣམས་ལ་བྱིན་ནས་ཁོ་ཚོའི་ཡོང་སྒོ་འཕར་སྣོན་འབྱུང་དུ་འཇུག་བཞིན་ཡོད། དུས་མཚུངས་སུ་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དེའི་ལས་ཞུགས་ལས་གནས་ཀྱང་ཐོག་མར་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་དག་ལ་ཁ་གཏད་ཡོད་པ་དང་། ཁོ་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱེད་ཐུབ་པ་བྱས་ཡོད་ཟེར།
དེ་ལྟར་སྡེ་བ་དེར་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་ཅི་ཡང་མེད་པ་ནས་ད་ལྟ་ཐུན་མོང་གི་ཐོན་ལས་དར་སྤེལ་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་བཟང་པོར་བརྟེན་ནས། རྒྱལ་ཁབ་ཀྱི་དབུལ་གཏོར་མཁྲེགས་གཏོར་སྲིད་ཇུས་ཀྱི་ཁེ་ཕན་རེ་རེ་ལོངས་སུ་སྤྱོད་བཞིན། མཐའ་ཡས་པའི་རྩྭ་ཐང་གི་ཕང་བ་ན་འབྱོར་འབྲིང་འཚོ་བའི་ལམ་དུ་སྐྱོད་བཞིན་འདུག།
ལོ་ཙཱ་བ། གཡང་འབུམ་རྒྱལ།