མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
2020.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པར་བཀོད་སྒྲིག་བྱ་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་བྱ་བ་ཞིག་རེད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་རྒྱུ་ནི་ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་སྟོན། ཁུལ་དབྱེ་ཇུས་བསྟར་བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ། དགེ་སློབ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་མཚམས་དབྱེ་བ་དང་ས་ཁུལ་དབྱེ་བ་སོགས་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ། སྡེ་ཁག་གི་མཉམ་སྡེབ་དམག་འཐབ་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་ལས་དོན་སྣ་ཚོགས་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ནོར་འཁྲུལ་དང་ནོར་འཛོལ་ཅི་ཡང་མེད་པའི་སྒོ་ནས་སློབ་འགོ་རྩོམ་པར་འཆར་གཞི་བཟོ་བ། སློབ་གྲྭ་མ་འཚོགས་གོང་གི་གྲ་སྒྲིག་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་པ། སློབ་ཁྲིད་སྦྲེལ་མཐུད་ཡག་པོ་བྱེད་པ་བཅས་བྱས་ནས། སློབ་འགོ་རྩོམ་པའི་དུས་ཚོད་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། སློབ་གྲྭ་རེར་ཐབས་ཇུས་རེ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཇུས་གཞི་བཟོ་བ་དང་འཐུས་ཚང་དུ་གཏོང་བ། སློབ་གྲྭར་ཕྱིར་ལོག་པའི་དགེ་སློབ་ལོགས་བཀར་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སློབ་གྲྭ་འཚོགས་པའི་རིམས་འགོག་སློབ་ཚན་དང་པོ་ཡག་པོར་བསྒྲུབ་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་གནད་འཁེལ་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་སློབ་གསོ་དང་འཕྲོད་བསྟེན་སོགས་སྡེ་ཁག་གིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས་ཏེ། གཞི་རིམ་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་དེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་གཙང་སེལ་བྱེད་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། “ བསམ་ཇུས་གཅིག”གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཁོངས་གཏོགས་ཁུལ་དང་སྡེ་ཁག དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། སྨན་བཅོས་སྒྲིག་གཞི་དང་སློབ་གྲྭའི་དབར་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སློབ་གྲྭའི་སྨན་པའི་གསོ་སྦྱོང་ལ་ཤུགས་རྒྱག་པ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚོ་བའི་དངོས་ཟོག་སྔོན་ལ་འགན་ལེན་བྱེད་པ། སློབ་གྲྭའི་ཉེན་རྟོག་པ་ཡི་མཉམ་འགུལ་རྐྱེན་སྲོལ་དོན་འཁྱོལ་བྱེད་པ། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ལ་བཀོད་སྒྲིག་ལུགས་མཐུན་བྱེད་པ་བཅས་བྱེད་དགོས། སློབ་གྲྭའི་ཕྱི་ནང་གི་ཁོར་ཡུག་བདེ་འཇགས་ལ་ཞིབ་བཤེར་དང་འཕྲོད་བསྟེན་ལེགས་བཅོས་གཏིང་ཟབ་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འགོག་སྲུང་དངོས་ཟོག་དང་འཕྲོད་བསྟེན་ཐོན་ཁུངས། འགྲིམ་འགྲུལ་བདེ་སྲུང་སོགས་འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོ་དག་སློབ་གྲྭར་ཕྱོགས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭ ཁྱིམ་བདག་དང་སློབ་མ། སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་བཅས་ཀྱིས་དཀའ་བ་མཉམ་སེལ་བྱས་ནས། དཔྱིད་ཀའི་སློབ་འགོ་རྩོམ་སྐབས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་དགེ་སློབ་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

གཞན་ཡང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་བྱེད་ཐབས་དྲུག་བཏོན་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་ལས་དོན་ལ“གནད་སྨིན་ཕྱོགས་སྟོན”བྱས།

མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་ཆེད་དང་། རྒྱ་ཆེའི་དགེ་སློབ་ཚོའི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་འགན་ལེན་བྱ་ཆེད། ཉེ་ལམ།  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིབ་འཇུག་བྱས་ནསཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་ཏན་ཏིག་ངང་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆརབཟོས་ཏེ། ཕྱོགས་དྲུག་གི་ཐད་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བའི་ཐད“གནད་སྨིན་ཕྱོགས་སྟོན”བྱས།

“རྐྱེན་སྲོལ་ཆ་ཚང་གཅིག”གིས་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། “ས་ཁུལ་གཅིག་ལ་ཐབས་ཇུས་གཅིག”དང“སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག”གི་བླང་བྱ་ལྟར་ཡུལ་བབ་དང་བསྟུན་ཏེ་ཞིབ་འཇུག་བྱས་ནསསློབ་འགོ་རྩོམ་པའི་བྱ་བའི་ཇུས་གཞིདངརིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུསབཟོ་དགོས།

“འོས་འཚམ་གསུམ”གཙོ་གནད་དུ་འཛིན་དགོས། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་ཞིང་ཆེན་གཞན་པར་ཡུལ་སྐོར་སོགས་ལ་སོང་བའི་དགེ་སློབ་དང་། ཞིང་ཆེན་གཞན་ནས་ཡིན་ཞིང་མཚོ་སྔོན་དུ་སློབ་སྦྱོང་བྱེད་པའི་སློབ་ཆེན་སློབ་མ། ཕྱི་རོལ་དུ་ལས་གནས་ཚབ་སྒྲུབ་དང་དངོས་སྦྱོང་བྱེད་པའི་དགེ་སློབ། སློབ་གྲྭའི་ལས་གཞི་གཞན་སྤྲོད་དང་རྨང་གཞིའི་འཛུགས་སྐྲུན་བྱེད་པའི་ཁེ་ལས་ཀྱི་མི་སྣ་བཅས་ལ་དམ་པོར་དམིགས་ནས། མི་སྣ་བཀོད་སྒྲིག་བྱས་ཏེ་མཐིལ་རྟོགས་གྲལ་བཤེར་གྱི་ལས་དོན་དང་གནད་དུ་འཁེལ་བའི་དོ་དམ་འོས་འཚམ་གྱིས་སྤེལ་ནས་སློབ་གྲྭའི་ནང་རིམས་ནད་མི་འབྱུང་བ་བྱེད་དགོས། ཚེ་སྲོག་གི་སློབ་གསོ་དང་། དྲིན་ཚོར་གྱི་སློབ་གསོ། ཁྲིམས་སྐྱོང་གི་སློབ་གསོ། ཡིད་རྟོན་གྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་བཅས་ལ་སྐུལ་འདེད་བཏང་ནས་དགེ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་བཀོད་སྒྲིག་འོས་འཚམ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་ཚན་གྱི་ཟུར་ཁྲིད་ཡག་པོ་བྱས་ཏེ། སློབ་མའི་གུང་གསེང་གི་འཚོ་བ་བཀོད་སྒྲིག་འོས་འཚམ་བྱས་ཏེ་སློབ་མ་རྣམས་ལ་བག་ཕེབས་སྤྲོ་སྣང་གི་གུང་གསེང་ཞིག་གཏོང་དུ་འཇུག་དགོས།

“གནད་ལ་ཁེལ་བ་བཅུ”ཡི་གཞི་ཐིག་བསྐྲུན་དགོས། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དངོས་སུ་སློབ་འགོ་རྩོམ་པའི་དུས་ཚོད་གཏན་འཁེལ་གསལ་པོ་མ་བྱས་གོང་། ངེས་པར་དུ་དྲིལ་བསྒྲགས་སློབ་གསོ་གནད་ལ་ཁེལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གནད་ལ་ཁེལ་བ། མངོན་མེད་རྐྱེན་ངན་བཅོས་སྐྱོང་གནད་ལ་ཁེལ་བ། མཉམ་འགུལ་རྐྱེན་སྲོལ་གནད་ལ་ཁེལ་བ། དགེ་སློབ་ཀྱི་གྲལ་བཤེར་གནད་ལ་ཁེལ་བ། དགེ་རྒན་བཀོད་སྒྲིག་གནད་ལ་ཁེལ་བ། སློབ་ཁྲིད་དང་དཔེ་དེབ་གནད་ལ་ཁེལ་བ། དངོས་ཟོག་གྲབས་གསོག་གནད་ལ་ཁེལ་བ། མི་སྣ་གསོ་སྦྱོང་གནད་ལ་ཁེལ་བ། འཕྲོད་བསྟེན་བཅོས་སྐྱོང་གནད་ལ་ཁེལ་བ་བཅས་བྱས་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རིམས་ནད་སློབ་གྲྭའི་ནང་མཆེད་པར་འགོག་ཟོན་མཐའ་གཅིག་ཏུ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་དགེ་སློབ་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་ཡོང་རྒྱུར་འགན་ལེན་བྱེད་དགོས།

“ལམ་ལུགས་དྲུག་”ཚད་ལྡན་དུ་གཏོང་དགོས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་སྙན་སེང་ཞུ་བའི་ལམ་ལུགས་དང་། དགེ་སློབ་ཀྱི་ཞོགས་པའི་ཞིབ་བཤེར་ལམ་ལུགས། ནད་ཀྱིས་རྐྱེན་པས་ལས་ཀར་མ་ཞུགས་པ་ཐོ་འགོད་དང་རྗེས་འདེད་སྙན་སེང་ཞུ་བའི་ལམ་ལུགས། “དུས་ཐོག་ཏུ་སློབ་གྲྭར་འབྱོར་མ་ཐུབ་པ་དང་གཟུགས་པོ་བདེ་ཐང་མིན་པའི་སློབ་མའི”སློབ་ཚན་སླར་གསོ་ར་སྤྲོད་དཔྱད་བཤེར་ལམ་ལུགས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་ཐང་སློབ་གསོའི་ལམ་ལུགས། དུག་སེལ་དང་ལོགས་བཀར་ལམ་ལུགས་སོགས“ལམ་ལུགས་དྲུག”བཙུགས་ཏེ་འཐུས་ཚང་དུ་བཏང་ཡོད།

“བླང་བྱ་ལྔ་”ཡི་འགན་འཁྲི་ཁ་གསལ་བཟོ་དགོས། ས་གནས་སོ་སོའི་སློབ་གྲྭ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ས་ཁོངས་དོ་དམ་དང་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་འཁུར་དགོས། དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གཅིག་གྱུར་འཆར་འགོད་བྱས་ནས་སློབ་འགོ་རྩོམ་པའི་འབྱོར་ཐོ་འགོད་པ་དང་། གཅིག་སྡུད་ཐོག་སློབ་ཁྲིད་བྱེད་པ། དགེ་སློབ་ཀྱི་ཟ་མ་སོགས་གཙོ་གནད་ལྷུ་ཚིགས་ལ་ནན་གྱིས་དམིགས་པ་དང། “གཙོ་གནད་མི་སྣ་རིགས་བཞི”དང་དེ་བཞིན་སློབ་འགོ་རྩོམ་པའི་གཟའ་འཁོར་གཉིས་སོགས་གཙོ་གནད་དུས་མཚམས་ལ་ནན་གྱིས་དམིགས་དགོས་ལ། ཟ་ཁང་དང་། སློབ་ཁང་། ཉལ་ཁང་། དཔེ་མཛོད་ཁང་སོགས་གཙོ་གནད་གནས་ཡུལ་ལ་ནན་གྱིས་དམིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གནད་ལ་ཁེལ་བ་དང་། བྱ་ཐབས་ལག་བསྟར་ནན་པོ་བྱེད་པ། མཛུབ་ཁྲིད་རོགས་རམ་ཤུགས་ལྡན་བྱེད་པ། བྱ་ཐབས་རྗེས་འདེད་དང་དོ་དམ་ཏན་ཏིག་བཅས་བྱེད་དགོས།

“དཔྱད་ཞིབ་བཞི་མཉམ་འགུལ”གྱིས་སྤུས་ཚད་འགན་ལེན་བྱེད་དགོས། སློབ་གྲྭ་མ་འཚོག་གོང་ཞིང་ཆེན་སློབ་གསོ་ཐིན་ཆེད་དོན་ལས་དོན་ཚོགས་ཆུང་དུ་བཅའ་སྡོད་བྱས་ནས་འབྲེལ་མཐུད་ས་ཁུལ་དང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་བྱ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་དཔྱད་འདེམས་བྱེད་དགོས། ས་གནས་ཁག་གིས་ཁོངས་གཏོགས་དོ་དམ་གྱི་དབང་ཚད་ལྟར་སློབ་འགོ་རྩོམ་པའི་ཚད་གཞི་བཟོ་དགོས་པར་མ་ཟད། སློབ་གྲྭའི་རང་གིས་རང་ལ་དཔྱད་བསྡུར་དང་། རྫོང་སློབ་གསོ་ཅུའུ་ཡིས་གདེང་འཇོག    གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་དཔྱད་བསྡུར། ཞིང་ཆེན་སློབ་གསོ་ཐིན་གྱིས་དཔྱད་འདེམས་བཅས་ཀྱི་གོ་རིམ་ལྟར་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་འགོ་རྩོམ་པར་དཔྱད་དཔོག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་ལས་དོན་གང་ལེགས་དང་ཏན་ཏིག་མ་བྱུང་ཚེ་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲིར་རྩད་གཅོད་ནན་མོ་བྱེད་དགོས། །

ལོ་ཙཱ། སྒྲོལ་མ་སྐྱིད།