མཚོ་སྔོན་གྱིས་ཝུའུ་ཧན་ལ་བག་ཆགས་ཟབ་མོ་བཞག
2020.03.11 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 44

 བར་ཐག་ལེ་དབར་སྟོང་གཅིག་དྲུག་བརྒྱ་ཡིས་ཆོད་པའི་མཚོ་སྔོན་དང་ཝུའུ་ཧན་གཉིས་བརྩེ་བ་ཆེན་པོས་ཕན་ཚུན་གཅིག་ཏུ་སྦྲེལ། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་སྨན་ཁང་གི་སྐད་འཕྲིན་ཚོགས་པའི་ནང་ཉིན་རེ་རེར་རིམས་ནད་འགོག་རྒོལ་གྱི་གཡུལ་སར་ཞུགས་མཁན་གདོང་ལེན་སྨན་པ་དག་གིས། གཅིག་རྗེས་གཉིས་མཐུད་དུ་ང་ནི་ཏང་ཡོན་རྒན་པ་ཡིན། ང་གཡུལ་སར་ཆུགས། ང་ནི་ཁེར་རྐྱང་ཡིན། ཞེ་ཐོགས་ས་མེད་པས་ང་སོང་ན་འོས་ཤིང་འཚམ། ང་སྔོན་ཆད་ཡུལ་ཤུལ་ཡོམ་འགོག་ལ་ཞུགས་མྱོང་བས་ལས་ཀའི་ཉམས་མྱོང་ལྡན། རང་སྔུན་ལ་ཐོངས་ཞེས་སྐད་གསེང་བར་མེད་དུ་བསྒྲགས་ཡོང་།

ཟླ1ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང16ནས་ཡོང་བའི་སྨན་པ135ཡིས་གྲུབ་པའི་ཧུའུ་པའེ་སྨན་བཅོས་རོགས་སྐྱོར་དཔུང་ཁག་སྐོར་དང་པོ་ཡུལ་དུས་གཅིག་ཏུ་འཛོམས་ནས་ལམ་ལ་ཆས། ཟླ2ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་སྨན་ཁང25ནས་ཡོང་བའི་སྨན་པ102ལས་གྲུབ་པའི་སྐོར་ཁག་གཉིས་པས་ཀྱང་ཐུན་མོང་དམ་བཅའ་བསྒྲགས་ནས་ཧུའུ་པའེ་ཕྱོགས་སུ་བསྐྱོད།

ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྐོར་ཁག་འདི་གཉིས་ཀྱིས་རིམས་ནད་ས་ཁུལ་གྱི་འཐབ་ས་དང་པོ་རུ་གཡུལ་བཤམས་ནས་ཟླ་གཅིག་འདས་ལ། དེའི་རིང་ཝུའུ་ཧན་གྲོང་ཁྱེར་དང་ཞིན་ཀྲོའུ་ཆུས་ཀྱི་སྨན་བཅོས་རོགས་སྐྱོབ་ས་ཚིགས་ཀྱི་རུ་མི་ཚོས་དུས་ཚོད་དམ་འཛིན་སྒོས་ནད་དུག་འགོག་རྒོལ་ལ་ཡ་མི་ང་ཞིང་དཔའ་མི་ཞུམ་པའི་སྙིང་སྟོབས་ཀྱིས་ཝུའུ་ཧན་ལ་བག་ཆགས་ཟབ་མོ་བཞག

མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་གི་མྱུར་བསྟེན་ཁོང་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ལུའེ་རོང་ཧྭ་ཡིས་བཤད་རྒྱུར། ཝུའུ་ཧན་ལ་རོགས་སྐྱོར་ཐུབ་སོང་བ་ནི་ངའི་མི་ཚེ་འདིའི་ཆེས་གཟི་བརྗིད་ལྡན་པའི་དོན་དག་ཅིག་ཡིན། ཁོ་མོས་བཤད་རྒྱུར།  ངའི་ཨ་ཕས། བུ་མོ་ཁྱོད་སྨན་ཁང་གང་དུ་ཡོད། ང་ལ་ས་གནས་གསལ་བོ་ཞིག་བསྐུར་དང་ཁྱོད་ལ་ལྟ་རུ་ཡོང་ཞེས་མོ་ལ་ཁ་པར་བཏང་ཡོང་དུས། ཁོ་མོས་ལན་དུ། ཁྱེད་ཡོང་བའི་དུས་ཤིག་ག་ནས་ཡིན། ཁྱེད་ཚོས་ཡུལ་ནས་ང་འཚམ་པོར་ལོག་པར་སྒུག་སྡོད་དང་ང་ཧ་ཅང་བདེ་མོ་ཡིན། ཡིན་ན་ཡང་ཨ་ཕས་མུ་མཐུད་དུ་ངས་ཁྱོད་ཡོད་སའི་སྨན་ཁང་གི་ཉེ་འགྲམ་མགྲོན་ཁང་ཞིག་ནས་བསྡད་དེ་ཁྱོད་ལ་བལྟས་བསྡད་པས་ཆོག དཀའ་ལས་ཅི་ཡང་མི་བཟོ་ཞེས་ཞུ་བའི་ཚུལ་དུ་བཤད་བྱུང་།

ཝུའུ་ཧན་དུ་འབྱོར་ནས་ཟླ་གཅིག་འགོར་ཡོད་ན་ཡང་ཨ་ཕའི་ཁ་པར་ནང་གི་སྐད་ཆ་དེ་དག་དྲན་འོང་དུས་ལུའི་རོང་ཧྭ་ཡི་མིག་མཐར་མཆི་མས་བརླན། ཟླ2ཚེས4ཉིན། ལུའི་རོང་ཧྭ་མཚོ་སྔོན་གྱིས་ཧུའུ་པའེ་རུ་མངགས་པའི་སྨན་བཅོས་རོགས་སྐྱོབ་སྐོར་ཁག་དང་པོའི་རུ་མིར་གྱུར་ཞིང་། མེ་མདའ་དང་ཆེས་ཉེ་བའི་གཡུལ་སར་བསྐྱོད།

ང་ཚོ་སྨན་ཁང་མི་འདྲ་བ་སོ་སོ་ནས་ཡོང་ཡང་སྨན་པའི་ལྭ་དཀར་འདི་གྱོན་རྗེས་ཚང་མ་འཐབ་གྲོགས་སུ་གྱུར་ཏེ་ཕན་ཚུན་བར་ཁ་སེམས་མེད་པར་ཞེ་མཐུན་ལ། མཐུན་སྒྲིལ་ཆེ།  ང་ཚོ་ཚང་མའི་དམིགས་འབེན་ནི་ནད་པ་རང་ནུས་ཅི་ལྕོགས་ཀྱིས་སྐྱོབ་བཅོས་བྱ་རྒྱུ་དེ་ཡིན་ཟེར། ལས་ཀ་ཡོངས་གོ་རིམ་བཞིན་སྤེལ་བ་དང་བསྟུན་ནས་མོའི་སེམས་ཁྲལ་མང་པོ་ཞིག་ཞི་བར་བཏང་ལ། བག་ལྷོད་པའི་སྒོ་ནས་རིམས་ནད་ས་ཁུལ་གྱི་རྒྱུན་ལྡན་དཔྱད་བཅོས་དང་། ནད་པའི་གནས་ཚུལ་འདྲི་རྟོག་སོགས་ཀྱི་འགན་ཁུར་བ་མ་ཟད། ཞིན་ཀྲོའུ་ཆུས་ཀྱི་སྨན་ཁང་གཞན་པའི་དཔྱད་བཅོས་དང་དཔྱད་འཇོག་སོགས་ཀྱི་འགན་ཡང་བཞེས།

སྨན་པ་ལགས་ངའི་བརྟག་དཔྱད་ཀྱི་མཇུག་འབྲས་ཐོན་འདུག་གམ། ངའི་དབུགས་འཚང་འདི་ཞི་ཐུབ་ཅི་ཡོད་ཅེས་ནད་ཁུལ་བདུན་པའི་ནད་པའི་ཚོམས་སུ་ཉིན་རེར་དེ་ལྟར་རྩད་འདྲི་བྱེད་མཁན་ཡོད་ལ། ཡང་མཚོ་སྔོན་གྱི་སྨན་པའི་དཔུང་ཁག་གི་ལག་རྩལ་མཐོན་པོ་འདུག ཁྱེད་ཚོའི་སྨན་བཅོས་ལ་བརྟེན་ནས་ང་ཚོའི་ཚ་དྲོད་ཞི་སོང་། ང་ཚོ་ནད་ཁུལ་བདུན་པར་ཡོང་བ་ལས་དང་བསོད་ནམས་རེད། ལ་ལས་ཁྱེད་ཚོ་ཡོད་པས་སྨན་ཁང་གི་ཁུར་བོ་ཇེ་ཡང་དུ་སོང་། མཚོ་སྔོན་སྨན་བཅོས་རུ་ཁག་གི་སྨན་པ་རྣམས་ལ་བཀའ་དྲིན་ཆེ། ཁྱེད་ཅག་གིས་དཀའ་ལས་མྱངས་སོང་ཞེས་སྐད་ཆ་སྙན་མོ་ཡང་བསྐུར་ཡོང་ཟེར།

གཏམ་བཟང་ཆེན་པོ་ཞིག་ནི་ང་ཚོའི་ནད་ཁུལ་དུ་ཉིན་གཅིག་ལ་ནད་པ12སངས་དྲག་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པའི་ཉིན་དེ་རེད། ནད་པ་སངས་དྲག་བྱུང་ཞིང་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཚུལ་མཐོང་བ་དང་། ནད་པ་རྣམས་ཀྱིས་གནས་ཚུལ་ཤེས་རྗེས་ཀྱི་དགའ་བ་དང་དྲིན་སེམས་རེ་རེ་ཐོས་རྗེས། ལུའི་རོང་ཧྭ་ཡི་སེམས་ལ་སྤྲོ་སྐྱིད་ཀྱིས་ཁེངས། ཁོ་མོས་བཤད་རྒྱུར། ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་ཡོང་བ་ནི་ངའི་མི་ཚེའི་ཁྲོད་ཆེས་གཟི་བརྗིད་ལྡན་པའི་དོན་དག་ཅིག་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནད་པ་ལྕི་མོའི་ལྟ་སྐྱོང་ཚན་ཁག་གི་གཙོ་གཉེར་སྨན་པ་ཀྲང་རུའེ་ཡིས་བཤད་རྒྱུར། ང་རང་ཝུའུ་ཧན་ནས་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་མི་ཞིག་ཏུ་གྱུར་ཟེར།

ཟླ2ཚེས25ཉིན་གྱི་དུས་ཚོད2ཐོག ཏོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་པའི་མཚོ་སྔོན་གྱི་ཧུའུ་པའེ་སྨན་བཅོས་རུ་ཁག་གི་བློ་མཐུན17ཏང་ནང་དུ་ཞུགས་ལ། ཀྲང་རུའེ་ནི་དེའི་གྲས་ཀྱི་གཅིག་རེད།

ཛ་དྲག་དང་དམིགས་བསལ་གྱི་ཡུལ་དུས་ཤིག་ནས་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་བ་རང་གི་གཟི་བརྗིད་དུ་ཚོར་ཡོད་ཟེར། ནད་ཡམས་ཀྱི་མདུན་ནས་ཀྲང་རུའེ་ཡིས་རང་འགུལ་སྒོས་ཝུའུ་ཧན་གྱི་འགོག་རྒོལ་གཡུལ་སར་བསྐྱོད་རྒྱུ་དང་དུ་བླངས་པ་མ་ཟད། ཏང་ནང་དུ་ཞུགས་པའི་རེ་འདུན་ཞུ་ཡིག་ཕུལ། ཟླ1ཚེས28ཉིན་ཀྲང་རུའེ་ལ་མཚོ་སྔོན་ཞིང་ཆེན་ནས་ཧུའུ་པའེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པར་འགྲོ་དགོས་པའི་བརྡ་ཐོ་འབྱོར་རྗེས་མྱུར་དུ་མིང་ཐོ་བཀོད།

ཀྲང་རུའེ་དང་འཐབ་གྲོགས་ཚོ་ཝུའུ་ཧན་ཞིན་ཀྲོའུ་ཆུས་མི་དམངས་སྨན་ཁང་དུ་འབྱོར་རྗེས། ནད་ལྕི་མོའི་ལྟ་སྐྱོང་ནད་ཁང་དེ་ཁོ་མོའི་གཡུལ་ས་གཙོ་བོ་གྱུར་ལ། ནད་པའི་ནད་གཞིའི་འགྱུར་ལྡོག་ལ་ལྟ་ཞིབ་གསལ་བོ་བྱ་རྒྱུ་ནི་ཁོ་མོའི་བྱ་བ་གཙོ་བོ་ཡིན་མོད། སྨན་བཅོས་མཁོ་ཆས་མི་འདང་བའི་གནས་ཚུལ་འོག་ཁོ་མོས་དེར་ཡོད་ཀྱི་རྒྱུ་ཆར་བརྟེན་ནས་དབུགས་གཏོང་སྦུ་གུ་གཏན་འཇགས་ཡོང་སྤྱད་བཟོས་ཤིང་། དབུགས་ལམ་གྱི་ཆེད་ལས་སྨན་པ་དང་མཉམ་དུ་ནད་པར་སྐྱོབ་བཅོས་བྱས་པར་མ་ཟད། ལས་གྲོགས་ཀྱི་ནད་ཐོག་བདག་སྐྱོང་ཐད་ཀྱི་དོགས་གཞི་མང་པོ་ཐག་གཅོད་བྱེད་རོགས་དང་ནད་པ་ལྕི་མོར་བདག་སྐྱོང་བྱེད་རོགས་སོགས་མ་སྐུལ་དང་ལེན་གྱིས་བསྒྲུབས།

ནད་ལྕི་མོའི་ནད་ཁང་གི་ནད་པ་ཚང་མ་ནི་ནད་པ་ལྕི་མོའི་རིགས་ཡིན་ལ།  རིམས་ནད་ཀྱི་ནད་དུག་འགོ་བའི་ཉེན་ཁ་ཆེས་ཆེ་ས་ཡང་ཡིན། ཡིན་ནའང་རུ་མི་རྣམས་འཇིགས་པ་དང་འཛེམ་དོགས་ཅི་ཡང་མེད་པར་རིམས་འགོག་ལྭ་བ་མཐུག་པོ་གྱོན་ནས་བསྟུད་མར་དུས་ཚོད་བཞི་རིང་ལ་བྱ་བ་སྒྲུབ་ནས་ལུས་ཡོངས་རྔུལ་ཆུས་བརླན་པ་དང་།  ཁ་སྐམ་ནས་སེར་ག་གས་རུང་འཁང་ར་དང་སྨྲེ་ངག་བཏོན་མ་མྱོང་ཟེར།

ཁོ་མོས་ཁ་ཁོག་མེད་པར་བཤད་རྒྱུར། མཚོ་སྔོན་སྨན་བཅོས་རུ་ཁག་གི་ཏང་ཡོན་མང་པོ་འགོག་རྒོལ་གྱི་མདུན་སར་མཆོངས་ནས་གདོང་ལེན་བྱེད་པ་མཐོང་ཚེ་རང་ཉིད་ཀྱང་ཁོ་ཚོ་དང་འདྲ་བར་སེམས་གཅིག་ལུས་གཅིག་ཏང་ལ་ཕྱོགས་ཏེ། འཐབ་ས་དང་པོར་ནད་ཡམས་དང་འཐབ་རྩོད་མཐའ་གཅིག་བྱེད་འདོད་ཀྱི་སེམས་པ་བཅོས་མིན་དུ་སྐྱེས་བྱུང་། ཡང་བསྐྱར་ཏང་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ་ནས་ཏང་རྩ་འཛུགས་ལ་ཡིད་ཆེས་བརྟན་པོ་དང་མོས་དད་ཆེན་པོ་ཡོད་ཚུལ་ཞུས་པ་ཡིན། དེ་རིང་ངས་འོད་ཆེམ་ཆེམ་གྱི་ཏང་རྟགས་འདོགས་དུས། གཟི་བརྗིད་ལས་གཞན་ད་དུང་འགན་འཁྲི་ཞིག་ཀྱང་ཡོད་པ་གསལ་བོར་ཤེས་བྱུང་ཟེར།

ཧོང་ཀྲུང་རྫོང་མི་དམངས་སྨན་ཁང་གཉིས་པའི་ཕྱི་ནད་ཚན་ཁག་གི་ནད་སྐྱོང་འགོ་གཙོ་ཧེ་ཞང་གིས་བཤད་རྒྱུར།  སྟབས་བདེ་སྨན་ཁང་ནི་དྲོད་སྐྱིད་ཀྱིས་ཁེངས་པའི་སྨན་ཁང་ཞིག་ཡིན། ལམ་དུ་ཆས་དུས་འཕྲད་སྲིད་པའི་དཀའ་ཁག་དང་འགན་འཁྲི་གདོང་གིས་བསུ་བར་སེམས་ནས་གྲ་སྒྲིག་ཡག་པོ་བྱས་ཡོད་མོད། ཝུའུ་ཧན་དུ་འབྱོར་བ་ན་སྟོང་ལྷིང་ལྷིང་གི་སྲང་ལམ་དང་། ནད་པ་མང་པོ་དང་ཁོ་ཚོའི་རེ་བའི་མིག་མདངས་མཐོང་རྗེས་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར། ཁོ་མོས་ཁ་པར་བླངས་ནས་ཟླ་ཚེས་ལ་བལྟས་རྗེས་ད་གཟོད་ཝུའུ་ཧན་དུ་འབྱོར་ནས་ཟླ་གཅིག་འགོར་བ་ཤེས།

ཁོ་མོ་ནི་ཧོང་ཀྲུང་རྫོང་མི་དམངས་སྨན་ཁང་དང་པོ་དང་གཉིས་པ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་ནས་ཝུའུ་ཧན་དུ་ཡོང་བའི་ལྟ་སྐྱོང་ཆེད་ལས་སྨན་པ་དགུའི་ནང་གི་གཅིག་རེད།

ངས་ལྟ་སྐྱོང་ལས་གནས་སུ་ལོ32ལ་ལས་ཀ་བསྒྲུབས་པས་ཉམས་མྱོང་ངེས་ཅན་ཡོད་བསམ་ནས་ཡོང་བ་ཡིན་ཟེར། 1968ལོར་སྐྱེས་པའི་ཧེ་ཞང་ནི་ཧོང་ཀྲུང་རྫོང་མི་དམངས་སྨན་ཁང་གཉིས་པའི་ཕྱི་ནད་ཚན་ཁག་གི་ནད་སྐྱོང་འགོ་གཙོ་ཡིན་ལ། ཝུའུ་ཧན་དུ་མངགས་པའི་སྨན་བཅོས་རུ་ཁག་གཉིས་པའི་ཁྲོད་ཀྱི་ལོ་ན་ཆེས་རྒན་པ་རེད།

ངའི་ལས་ཀ་གཙོ་བོ་ནི་སྨན་ཁང་གི་འགྲོ་ལམ་གཙང་སྦྲ་ནས་རིམས་ཁུལ་དུ་དངོས་ཟོག་སྐྱེལ་རྒྱུ་དེ་ཡིན་ལ། དེའི་སྐབས་ཀྱི་ལས་ཀ་བའི་ལག་པ་དུག་སེལ་དང་། རིམས་འགོག་ལྭ་བ་གོན་ཕུད་དང་མིག་སྲུང་མིག་ཤེལ་རྒྱག་སྟངས་ཡང་དག་ཡིན་མིན་ལ་ལྟ་རྟོག་ནན་མོ་བྱེད་དགོས། ཉེན་ཁ་ཅུང་ཆེ་ན་ཡང་ནད་ཡམས་འགོག་བཅོས་བྱ་བའི་གནད་འགག་གི་དུས་འདི་ལ་ནུས་ཤུགས་ཕྲན་ཙམ་འབུལ་ཐུབ་པ་འདི་བསམ་ཡོང་དུས་སེམས་ལ་སྤོབས་པ་ཆེན་པོ་ཞིག་སྐྱེས་ཡོང་ཟེར།

སྟབས་བདེ་སྨན་ཁང་དུ་བསྡད་པའི་ཟླ་བ་གཅིག་རིང་ལ། མེས་རྒྱལ་གྱི་སྟོབས་ཤུགས་དངོས་སུ་ཚོར་ལ། ང་ཡོད་ས་འདིར་ཡང་བརྩེ་བ་དང་དྲོད་ཁོལ་གྱིས་ཁེངས་ཡོད་ཟེར། འདི་ནི་ཧ་ལས་པའི་དམངས་ཡོངས་ཀྱི་འཐབ་རྩོད་ཅིག་རེད། ང་ཚོ་ཐུན་མོང་གི་ལུས་སྟོབས་སོགས་གང་གི་ཆ་ནས་འཐུས་ཤོར་མི་ཡོང་ཆེད། རུ་སྣེ་འཁྲིད་མཁན་གྱིས་ཡང་དང་བསྐྱར་དུ་རུ་མི་རྣམས་ལ་མངག་བཅོལ་དང་། འཚོ་བའི་ཟུར་ཕྲ་མོ་ནས་ལས་ཀའི་གོ་རིམ། ལས་སྒོ་ཟབ་སྦྱོང་། སེམས་ཁམས་གསོ་ཐབས་བར་དུ་ཉིན་རེར་སྐད་འཕྲིན་གྱི་ཚོམས་སུ་ཡང་ཡང་མངག་བཅོལ་གནང་ཡོང་། ང་ཚོ་ཝུའུ་ཧན་དུ་འབྱོར་མ་ཐག  ཝུའུ་ཧན་དུ་ཐུག་པའི་ཟ་ཁང་གཉེར་མཁན་སྐུ་འབུམ་གྱི་སྦྱིན་བདག་ཞིག་གིས་ཆེད་དུ་ང་ཚོ་སྡོད་སའི་མགྲོན་ཁང་དུ་ཉེར་སྤྱོད་མཁོ་ཆས་བསྐྱལ་འོང་བས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཟེར།

ཏ་ཐུང་རྫོང་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གི་ནད་སྐྱོང་སྨན་པ་མཱ་སུའུ་ཕིན་གྱིས་བཤད་རྒྱུར།  ཝུའུ་ཧན་ནི་དྲོད་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་རེད། ཟླ2ཚེས4ཡི་མཚན་གོང་ཆུ་ཚོད12ཐོག ཏ་ཐུང་རྫོང་མི་དམངས་སྨན་ཁང་གི་དྲ་ཚོམས་ནས་ཝུའུ་ཧན་དུ་རོགས་སྐྱོབ་ལ་འགྲོ་དགོས་པའི་གནས་ཚུལ་མཐོང་རྗེས་མཱ་སུའུ་ཕིན་གྱིས་དེ་མ་ཐག་ང་འགྲོ་ཞེས་མིང་ཐོ་བཀོད།

”ཁོ་མོས་བཤད་རྒྱུར། ངའི་ཨ་ཕ་ནི་ཏང་ཡོན་རྒན་པ་ཞིག་ཡིན། དུས་རྒྱུན་མི་གཞན་དཀའ་ངལ་ལ་འཕྲད་དུས་རོགས་རམ་བྱེད་རྒྱུར་ཧ་ཅང་དགའ། ད་ལྟ་ཝུའུ་ཧན་དཀའ་ཁག་ལ་འཕྲད་དུས་ང་རང་སྨན་པ་ཞིག་ཡིན་པའི་ཆ་ནས་འགྲོ་ཆོག་ཆོག་ཡིན། ངས་བསམ་ན་འདི་ནི་ཨ་ཕའི་རེ་བ་ཡང་ཡིན་ངེས།

ཝུའུ་ཧན་དུ་འབྱོར་རྗེས་སྲང་ལམ་ཐམས་ཅད་སྟོང་ལྷིང་ངེར་ཡོད་པས་ང་ལ་འཁྱག་སིབ་སིབ་ཀྱི་སྣང་བ་ཞིག་སྦྱིན་མོད། ཟླ་བ་གཅིག་འགོར་རྗེས། མགྲོན་ཁང་གི་ཞབས་ཞུ་བ་དང་། སྲང་ལམ་གྱི་དང་བླངས་པ། ད་དུང་ཉིན་མཚན་ཀུན་ལ་འགྲོགས་པའི་ནད་པ་སོགས་ནི་ཕན་ཚུན་མཛའ་ཞིང་བརྩེ་བར་གྱུར་ནས། མ་གཞི་ནས་གྲོང་ཁྱེར་འདི་དྲོད་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པ་ངང་གིས་ཚོར་ཟེར།

ཟླ2ཚེས7ཉིན་གྱི་ནམ་སྨད་དུས་ཚོད4ཡི་ཐོག ཁོ་མོ་དངངས་འཚུབ་དང་བཅས་སྟབས་བདེ་སྨན་ཁང་དུ་རྒྱུགས་པ་ཡིན། དེ་སྔོན་སྟབས་བདེ་སྨན་ཁང་གི་ནད་པའི་གནོན་ཤུགས་ཆེ་བ་དང་། སྙིང་ཁམས་དེ་འདྲ་མི་བདེ་བའི་གནས་ཚུལ་གོ་ཐོས་བྱུང་བས། ནད་པར་སེམས་གསོ་དང་གནོན་ཤུགས་སེལ་ཐབས་སོགས་ཐད་ནས་ཅི་ལྟར་བྱེད་སྙམ་ནས་སེམས་ཁུར་བྱས།

སྟབས་བདེ་སྨན་ཁང་གི་ནད་པ་དག་ནི་ནད་ཡང་མོ་ཅན་ཡིན་ཞིང་།  ཟ་མ་ཟོས་ནས་དུས་ཚོད་ཕྱེད་ཙམ་འགོར་རྗེས་ཁོ་ཚོར་དབུགས་འབྱིན་རྔུབ་དང་།  ལུས་སྦྱོང་ཅུང་ཙམ་རེ་བྱེད་དུ་བཅུག་ནས་ཁོ་ཚོའི་སེམས་ཁྲལ་དང་གནོན་ཤུགས་སེལ་རོགས་བྱས་པ་ཡིན་ཟེར། ང་ཚོའི་སེམས་གསོ་དང་རོགས་རེས་ལ་ནད་པ་རྣམས་ཀྱིས་ཡི་རང་དང་བསྟོད་བསྔགས་ཐོབ།

དུས་འདིར་ད་དུང་ལྭ་དཀར་གྱི་འཐབ་མོ་བ་དེ་ལས་མང་པོས་འཐབ་སར་འབད་འབུངས་བྱེད་ཀྱིན་ཡོད་པས། གནས་ཚུལ་ག་འདྲ་རྙོག་འཛིང་དང་ཚ་དྲག་ཆེ་རུང་། སྟོབས་ཤུགས་འདིས་ནད་ཡམས་ཀྱི་དགྲ་བོ་འདི་ཕམ་པར་རྒྱག་ཐུབ་པའི་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།