རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པར“ཁྲིམས་ཀྱི་གཞི་འཛིན་ས”ཡོད།
2020.03.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 28

 ཟླ3པའི་ཚེས25ཉིན། 《མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་གསོད་དང་ཉོ་ཚོང་། བཟའ་སྤྱོད་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུ་རྒྱུ)དེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《ཆོད་དོན》ལ་སྡོམ་པས་དོན་ཚན་བཅོ་བརྒྱད་ཡོད། དེའི་ནང་ཁྲིམས་འགལ་ངང་རྔོན་གསོད་དང་ཉོ་ཚོང་། བཟའ་སྤྱོད་བཅས་བྱེད་མི་ཆོག་པའི་ཁྱབ་ཁོངས་དང་། དོ་དམ་བྱེད་ཐབས། སྡེ་ཁག་གི་འགན་འཁྲི། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་གཏན་འབེབས་བྱས་ཡོད་ལ། དེས་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་འཛུགས་སྟོང་ཆ་ཁ་གསབ་བྱས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།

《ཆོད་དོན》ནང་གསལ་བོར་གཏན་འབེབས་བྱས་པའི་རྔོན་གསོད་མི་རུང་བའི་ཁྱབ་ཁོངས་ནི། རྒྱལ་ཁབ་ཀྱི་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་།  མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་རི་སྐྱེས་སྲོག་ཆགས་གཞན་དག་བཅས་ཡིན་ལ། བཟའ་སྤྱོད་དམིགས་སུ་བཟུང་ནས་རི་སྐྱེས་སྲོག་ཆགས་རྔོན་གསོད་བྱེད་པ་ཁྱོན་ཡོངས་ནས་གཏན་འགོག་བྱས་ཡོད།  《ཆོད་དོན》ནང་གསལ་བོར་གཏན་འབེབས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་བཟའ་སྤྱོད་མི་རུང་བའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཀྱི་ཁྱབ་ཁོངས་ནི། སྐམ་སའི་རི་སྐྱེས་སྲོག་ཆགས་ཡོད་ཚད་སྟེ། མིས་བཟོས་གསོ་སྤེལ་དང་མིས་གསོས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་ཆུ་གནས་སྲོག་ཆགས། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་ཆུ་གནས་སྲོག་ཆགས། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་བཟའ་སྤྱོད་མི་ཆོག་པའི་རི་སྐྱེས་སྲོག་ཆགས་གཞན་དག་བཅས་ཡིན། དུས་མཚུངས་སུ་ཚན་རིག་ཞིབ་འཇུག་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། མིས་ཐབས་ལ་བརྟེན་ནས་གསོ་སྤེལ། སྨན་རྫས་བེད་སྤྱོད། སྤྱི་དམངས་ཀྱིས་འགྲེམས་སྟོན་བཅས་སམ་དམིགས་བསལ་གྱི་གནས་ཚུལ་གཞན་དག་གི་རྐྱེན་གྱིས་བཟའ་བྱའི་རང་བཞིན་མིན་པའི་བེད་སྤྱོད་བྱས་རིགས་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་རིམས་ནད་བརྟག་དཔྱད་ཞིབ་དཔྱད་ནན་མོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

ལྟ་སྡོམ་བྱ་ཐབས་ཐད་ནས། 《ཆོད་དོན》གྱིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་གསོད་དང་། ཉོ་ཚོང་། བཟའ་སྤྱོད་བཅས་བྱེད་མི་ཆོག་པར་ཁྱོན་ཡོངས་ནས་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་བྲིན་ཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་མི་ཆོག་པ་གཏན་འབེབས་གསལ་བོ་བྱེད་དགོས། ཚོང་ཟོག་ཉོ་ཚོང་ཚོང་ར་དང་། དྲ་ཐོག་ཉོ་འཚོང་སྟེགས་བུ། བཟའ་བཏུང་སྤྱོད་ཡུལ་བཅས་དང་། དེ་བཞིན་སྐྱེལ་འདྲེན་དང་། མཛོད་ཉར། མྱུར་སྐྱེལ་སོགས་བདག་གཉེར་བྱེད་མཁན་གྱིས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཕྱིར་འཚོང་དང་། ཉོ་སྒྲུབ། སྐྱེལ་འདྲེན། བེད་སྤྱོད་བཅས་བྱེད་པར་ཡུལ་གནས་དང་། སྟེགས་བུ། ཉོ་ཚོང་ཞབས་ཞུ་གཞན་དག་མཁོ་འདོན་བྱེད་པ་གཏན་འགོག་བྱ་དགོས། བཟའ་བཏུང་བདག་གཉེར་མཁན་གྱིས་གཏན་འགོག་བྱས་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཀྱི་མིང་དང་། མིང་གཞན། དཔེ་རིས་སོགས་ཀྱི་སྒོ་བྱང་དང་ཚལ་ཐོ་བཟོས་ནས་ཉོ་མཁན་འགུགས་མི་ཆོག་པར་མ་ཟད། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཀྱང་བཟའ་སྤྱོད་དམིགས་ཡུལ་དུ་བཟུང་ནས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་རྔོན་གསོད་དང་། ཉོ་ཚོང་། སྐྱེལ་འདྲེན་བཅས་བྱེད་མི་ཆོག་པར་གཏན་འབེབས་གསལ་བོ་བྱས་ཡོད།

སྲིད་གཞུང་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་འགན་འཁྲིའི་ཐད་ནས། 《ཆོད་དོན》གྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར། ལྟ་སྐུལ་བཅས་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ་བཙུགས་ཏེ་ཁྲིམས་འཛིན་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། དུས་མཚུངས་སུ་ནགས་ལས་རྩྭ་ཐང་དང་། སྤྱི་བདེ། ཚོང་རའི་ལྟ་སྐུལ་དོ་དམ། ཞིང་ལས་དང་ཞིང་སྡེ་སོགས་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་གསོད་དང་། ཉོ་ཚོང་། བཟའ་སྤྱོད་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་འགན་འཁུར་དགོས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཚོ་འགག འཕྲོད་བསྟེན་བདེ་ཐང་། སྦྲག་སྲིད་སོགས་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་དང་ཁྲིམས་ལྟར་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབ་དགོས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་སྐུལ་སློང་བྱེད་དགོས་ཏེ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས། སློབ་གྲྭ། གསར་འགྱུར་སྨྱན་བྱད་བཅས་ཀྱིས་སློབ་གསོ་དྲིལ་བསྒྲགས་རྩ་འཛུགས་དང་ཁྲིད་སྟོན་གྱི་འོས་འགན་གཏན་འབེབས་བྱས་ནས། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་། ཁེ་ལས་དང་ལས་དོན་སྡེ་ཁག སྤྱི་ཕན་རྩ་འཛུགས། དང་བླངས་པ་བཅས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལས་ཀར་ཧུར་ཐག་གིས་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱ་དགོས་ལ། སྡེ་ཁག་དང་མི་སྒེར་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་པར་བསྔགས་སྐུལ་བྱ་དགོས། 《གཏན་འབེབས》ནང་ད་དུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ནགས་ལས་རྩྭ་ཐང་། ཞིང་ལས་དང་ཞིང་གྲོང་སོགས་སྡེ་ཚན་གྱིས་ཁྲིམས་ལྟར་འབྲེལ་ཡོད་མིང་གཞུང་བཟོ་བ་དང་ལེགས་སྒྲིག་བྱས་ནས་ཡོངས་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐད་ནས། 《ཆོད་དོན》གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཆོད་དོན་ལྟར།  མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ལ་ད་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྨང་གཞིའི་སྟེང་ཆད་པ་ཇེ་ལྗིད་དུ་བཏང་ཡོད། རྔོན་གསོད་དང་བཟའ་སྤྱོད། ཕྱིར་འཚོང་། ཚུར་ཉོ། ཚོང་གཉེར། སྐྱེལ་འདྲེན། མཛོད་ཉར་སོགས་ལྷུ་ཚིགས་མང་པོར་ཆད་གཅོད་གཏན་འབེབས་དང་དངུལ་ཆད་གྲངས་ཀ་གཏན་འབེབས་གསལ་བོ་བྱས་ཡོད་ལ། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་རེད།

དུས་མཚུངས་སུ《ཆོད་དོན》ནང་གཏན་འབེབས་འདི་དག་ལས་འགལ་ནས་སྲིད་འཛིན་ཆད་པ་ཕོག་མཁན་ལ་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་ལྟར་དེའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆ་འཕྲིན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་མ་ལག་ནང་བཅུག་ནས་ཁྲིམས་ལྟར་མཉམ་འབྲེལ་ཐོག་ཆད་གཅོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད།  །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།