མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་གྲུ་འདི་རུ། རྔམས་མཐུག་པའི་ལོ་རྒྱུས་མི་ཆོས་རིག་གནས་ཀྱིས་ཀོས་ནན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཕར་རྩ་སྒུལ་བཞིན་ཡོད་ལ། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་ཀྱི་མི་རིགས12ཀྱིས་ལྷན་དུ་ཡུལ་གྲུ་འདི་རུ་འཚོ་བ་རོལ་བ་དང་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་བཞིན་ཡོད། ལྷང་ལྷུང་དུ་འབབ་པའི་མང་ཆུ་སྔོན་མོ་ཉིན་མཚན་དབྱེར་མེད་དུ་ཀོས་ནན་རྫོང་ཁོངས་སུ་དལ་དལ་ལྷོད་ལྷོད་ངང་བཞུར་ཞིང་། མོའི་དཀྱེལ་ཡངས་པའི་བློ་ཁོག་དང་ཞིམ་མངར་ལྡན་པའི་ནུ་ཞོ་ཡིས་ལས་ལ་བརྩོན་ཞིང་བབ་ཆགས་པའི་ཀོས་ནན་རྫོང་གི་རིགས་སོ་སོའི་མང་ཚོགས་གསོ་སྐྱོང་བྱས།
ཀོས་ནན་རྫོང་གི་བོད་རིགས་མཁོ་ཆས་ལས་སྣོན་བཟོ་གྲྭ་ཞིག་གི་ནང་དུ་སོང་བ་ན། ལས་བཟོ་པ་བཅུ་ལྷག་གིས་བྱང་ཆ་ལྡན་ཞིང་མགྱོགས་མྱུར་ངང་བོད་སྤོས་སོགས་ཀྱི་དངོས་ཟོག་ལ་ཕྱི་ཐུམ་རྒྱག་བཞིན་ཡོད། བཟོ་གྲྭའི་མགོ་འཛིན་དཀོན་མཆོག་ཚེ་རིང་གིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར།“མིག་སྔར་ངེད་བཟོ་གྲྭར་ལས་བཟོ་པ26ཡོད་ལ། དེའི་ཁྲོད་ཀྱི་མི6དབང་པོ་སྐྱོན་ཅན་ཡིན། ང་ཚོས་རང་ས་གནས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་ལ་དམིགས་བསལ་སྒོས་ལས་རྐང་འདོན་སྤྲོད་བྱས་ཏེ། ཁོ་ཚོ་རང་ཁྱིམ་དང་ཉེ་ས་ནས་ལས་ཀར་ཞུགས་སུ་འཇུག་གིན་ཡོད།”
དཀོན་མཆོག་ཚེ་རིང་གིས་དེང་ཐོག་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་བྱ་བ་བསྒྲུབས་པ་དང་། བྱ་བའི་དབང་གིས་ཁོ་རང་མང་ཚོགས་ཀྱི་ཁྱིམ་དུ་སོང་བའི་གོ་རིམ་ཁྲོད་ནས་དབང་པོ་སྐྱོན་ཅན་རྣམས་ཐོན་སྐྱེད་དང་འཚོ་བའི་ཐད་ནས་དཀའ་ཁག་སྣ་ཚོགས་དང་འཕྲད་ཀྱིན་པ་ཤེས། དུས་དེ་ནས་བཟུང་ཁོས་རང་ནུས་ཅི་ལྕོགས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་ནས་བྱ་བ་འབའ་ཞིག་བསྒྲུབ་རྒྱུའི་སེམས་ཐག་བཅད།
དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར“ང་ཚོའི་ཉེ་འགྲམ་དུ་འདི་འདྲའི་མི་སྐོར་ཞིག་ཡོད་དེ། ཁོ་ཚོའི་ལུས་པོར་སྐྱོན་ཤོར་ཡོད་པའི་དབང་གིས་བྱ་བ་རྙེད་དཀའ་བ་དང་སྤྱི་ཚོགས་ཁྲོད་དུ་འདྲེས་དཀའ་མོད། འོན་ཀྱང་ཁོ་ཚོའི་ནང་སེམས་སུ་མི་རྣམས་ཀྱིས་ཁོ་ཚོའི་སྐད་ཆར་ཞིབ་ཏུ་ཉན་ཞིང་ཁོ་ཚོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་རེ་བ་ཆེན་པོ་བཅངས་ཡོད་ལ། བདེ་སྐྱིད་ཀྱི་འཚོ་བར་སྔར་བཞིན་རེ་སྨོན་གྱིས་ཁེངས་ཡོད་པར་མ་ཟད། རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་པས། ངེད་ཅག་གིས་ཁོ་ཚོར་སྔར་ལས་ལྷག་པས་བརྩི་མཐོང་དང་དོ་སྣང་བྱ་འོས།” 2011ལོའི་ཟླ9པའི་ཚེས6ཉིན། དཀོན་མཆོག་ཚེ་རིང་གིས་ལས་སྣོན་བཟོ་གྲྭ་གསར་དུ་བཙུགས་ཏེ། སྔར་ལས་མང་བའི་དབང་པོ་སྐྱོན་ཅན་ལས་ཀར་ཞུགས་སུ་བཅུག་པ་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་མཐུན་རྐྱེན་ལེགས་བསྒྱུར་བྱེད་པ། དབང་པོ་སྐྱོན་ཅན་རྣམས་སྤྱི་ཚོགས་ཁྲོད་འདྲེས་པའི་ཡིད་ཆེས་འཛུགས་རོགས་བྱེད་པ་བཅས་ཀྱི་ཕྱོགས་ནས་བྱས་རྗེས་བཞག
རྡོ་རྗེ་ཚེ་རིང་ནི་སུམ་མདོ་གྲོང་རྡལ་བན་ཤུལ་སྡེ་བའི་སྡེ་མི་ཞིག་ཡིན་ལ། ཁོ་ནི་རིམ་པ་གཉིས་པའི་ཡན་ལག་སྐྱོན་ཅན་ཞིག་རེད། ཁོས་བཤད་རྒྱུར“བཟོ་གྲྭས་ལས་ཀའི་སྟེགས་བུ་འདི་འདྲ་བཟང་པོ་ཞིག་འདོན་སྤྲོད་བྱས་པར་མ་ཟད། ད་དུང་ང་ཚོར་རྩལ་ནུས་གསོ་སྦྱོང་ཡང་སྤེལ་བས་ངོ་མ་བཀའ་དྲིན་ཆེ། ཁེ་ལས་ཀྱིས་ང་དང་ང་འདྲ་བ་སྔར་ལས་མང་པོར་སྐུལ་ཁྲིད་བྱས་ནས། ཁོ་ཚོར་ཡང་རང་ཁ་རང་གསོ་བྱེད་ཐུབ་ཏུ་འཇུག་པའི་རེ་བ་ཡོད།”
དེ་ལས་གཞན2018ལོའི་ལུགས་གསར་གྱི་ལོ་གསར་སྔོན་གྱི་ཉིན་ཞིག་ལ། དཀོན་མཆོག་ཚེ་རིང་གིས་ཀོས་ནན་རྫོང་མགོ་མང་གཞུང་གྲོང་རྡལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང20ལ་སྒོར1000རེ་ཡི་འཚམས་འདྲིའི་དངུལ་བསྐྱལ་པ་དང་། ད་ལོར་ཁོས་དབུལ་ཕོངས་ལས་བཟོ་པ25ལ་མི་རེར་སྒོར500རེ་ཡི་རོགས་དངུལ་བྱིན་པ་དང་དབུལ་ཕོངས་ཡིན་པའི་དབང་པོ་སྐྱོན་ཅན་མི28ལ་མི་རེར་སྒོར700རེ་བྱིན། དེ་མིན་ད་དུང་རྫོང་ཡོངས་ཀྱི་དབུལ་ཕོངས་སློབ་ཆེན་པ10ལ་སྒོར20000ཡི་རོགས་སྐྱོར་ཞལ་འདེབས་ཕུལ། འདི་དང་འདི་ལྟ་བུའི་བྱ་སྤྱོད་ཀྱི་ཁྲོད་ནས་བྱམས་སེམས་ཀྱི་ཆུ་ཐིགས་གང་སར་གཏོར་ཏེ། རོགས་སྐྱོར་ཐོབ་མཁན་རྣམས་ཀྱི་སེམས་པའི་ས་ཞིང་བརླན་པར་བཏང་།
ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཏི་ཆིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མང་ཆུ་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་རྡལ་གསར་འཛུགས་བྱེད་པའི་ཁྲོད་དུ་ལྷང་ངེ་ས་ཞིག་ཡོད་པ་ནི་ཞབས་ཞུའི་ནང་རྐྱེན་གསར་དུ་བཟོས་ནས“3432མང་ཚོགས་ཀྱིས་དོན་དག་བཤད་པ”ཡི་ལམ་ལུགས་གཏན་འབེབས་བྱས་པ་དེ་རེད། ནང་རྐྱེན་འདི་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་ཐེ་གཏོགས་དབང་ཆ། ཞུགས་ཆོག་དབང་ཆ།ཇུས་གཅོད་དབང་ཆ།ལྟ་སྐུལ་དབང་ཆར་འགན་སྲུང་བྱས་པ་དང་ཁོ་ཚོ་སྡེ་ཁུལ་གྱི་བྱ་བའི་དོ་དམ་ཁྲོད་ཞུགས་པའི་ཧུར་སེམས་ལ་ཡར་སྐུལ་བྱས་པས། “མང་ཚོགས་ཀྱིས་དོན་དག་བཤད་པ”དེ་སེམས་ཤུགས་གཅིག་ཏུ་བསྡུ་བའི“དམངས་སེམས་ཟམ་པ”རུ་གྱུར་པར་མ་ཟད། འཆམ་མཐུན་དང་བརྟན་བརླིང་ཡིན་པའི་སྡེ་ཁུལ་སྒྲིག་འཛུགས་བྱེད་པའི་གནད་འགག་ཏུའང་གྱུར།
“3432མང་ཚོགས་ཀྱིས་དོན་དག་བཤད་པ”ཡི་ལམ་ལུགས་ཞེས་པ་ནི་ཡོད་པ་གསུམ་དང་དྲི་བ་བཞི། གྲོས་བྱེད་པ་གསུམ། ཚད་ལེན་གཉིས་བཅས་ལ་ཟེར།“ཡོད་པ་གསུམ”ནི་དོན་དག་བཤད་ན་སྣེ་ལེན་བྱེད་མཁན་ཡོད་པ་དང་དོན་དག་བཤད་ན་འབྲེལ་གཏུག་སྐུད་ལམ་ཡོད་པ། དོན་དག་བཤད་ན་ཐོ་འགོད་ཟིན་བྲིས་ཡོད་པར་གོ་ཞིང་། “དྲི་བ་བཞི”ནི་ཁག་བགོས་དོ་དམ་གྱི་དོན་དག་འདྲི་བ། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་དོན་དག་འདྲི་བ། ནང་བསྡུ་ལས་སྒྲུབ་ཀྱི་དོན་དག་འདྲི་བ། བསྒྲུབས་ཚར་བའི་དོན་དག་འདྲི་བ་བཅས་དང་། “གྲོས་བྱེད་པ་གསུམ”ནི་གློ་བུར་དུ་བྱུང་བའི་དོན་དག་གམ་མྱུར་ཞིང་ཁག་པོའི་དོན་དག་བཤད་ཞོར་དུ་གྲོས་བྱེད་པ། ཀུན་གྱིས་དོ་སྣང་བྱེད་པའི་དོན་དག་དང་ཚོར་བ་སྐྱེན་པོའི་དོན་དག་ལ་མང་ཚོགས་ཀྱི་འཐུས་ཚབ་གྲོས་བསྡུར་དང་ལྟ་སྐུལ་བྱ་བའི་ནང་ཞུགས་སུ་འཇུག་པ། ཁྱོན་ཡོངས་ཀྱི་བྱ་བ་དང་ཐུན་མོང་གི་བྱ་བར་མཉམ་དུ་གྲོས་བསྡུར་བྱེད་པ་དང་གཅིག་བསྡུས་ཀྱིས་སྒྲུབ་པ་བཅས། “ཚད་ལེན་གཉིས”ནི་དོན་དག་བཤད་པའི་བྱ་བ་དུས་རྒྱུན་གྱི་དཔྱད་ཞིབ་དང་ལོ་མཇུག་གི་དཔྱད་ཞིབ་ཚད་གཞིའི་ནང་དུ་འཇོག་པ་བཅས་ལ་གོ།
ཀོས་ནན་རྫོང་དུ་དཔའ་རྒོད་ཅིག་ཡོད་པ་དེའི་མིང་ལ་མེང་ཧོ་ཟེར།1967ལོའི་ཟླ9པའི་ཚེས5ཉིན། མེང་ཧོ་ཡིས་བཟོ་པ27ཁྲིད་དེ་ཀོས་ནན་རྫོང་ཐར་ཤུལ་ཞང་སྟེ། སྐབས་དེར་འབའ་ཚང་ཞིང་རར་འབོད་པའི་ས་ཆར་སེར་འགོག་འཕུར་མདེལ་སྒྲིག་སྦྱོར་བྱེད་དུ་སོང་། དངོས་སུ་སྒྲིག་སྦྱོར་མ་བྱས་པའི་སྔོན་དུ། མེང་ཧོ་ཡིས་བཟོ་པ་རྣམས་ལ་ཞིབ་ཕྲའི་སྒོ་ནས་སྒྲིག་སྦྱོར་བྱེད་སྟངས་བཤད་པ་དང་། ཡང་དང་བསྐྱར་དུ་ཁོ་ཚོར་ནན་ཏན་དང་སེམས་ཆུང་བྱེད་པར་བསྐུལ། སྒྲིག་སྦྱོར་བྱེད་པའི་ལས་ཀ་དངོས་སུ་མགོ་བརྩམས་རྗེས། མེང་ཧོ་ཡིས་ཕྱོགས་གཅིག་ནས་ལྕགས་ཁེམ་ཆུང་ངུས་འགད་རྫས་རིགས་གཉིས་སྲུབ་དཀྲིག་བྱེད་པ་དང་ཕྱོགས་གཅིག་ནས་འགད་རྫས་མདེལ་སྦུ་གུའི་ནང་དུ་བཅུག དག་དག་སྐབས་དེར་ཁོས་མེ་འོད་དམར་པོ་ཞིག་བཟོ་པ་ཞིག་གི་ལག་འོག་ཏུ་འོད་ལམ་ལམ་འཕྲོ་བཞིན་པ་མཐོང་ཞིང་། དེས་འགད་རྫས་དང་རྫས་སྨན་བཅུག་ཡོད་པའི་འཕུར་མདེལ་སོགས་དེ་མ་ཉིད་དུ་ལྕགས་ཐག་ལག་སྦྲེལ་གྱི་ཚུལ་དུ་འབར་གས་འབྱུང་རྒྱུ་ཡིན་པས། དེར་ཡོད་ཀྱི་བཟོ་པ27ལ་ཚེ་སྲོག་གི་ཉེན་ཁ་ཡོད་པ་མཚོན་པས། བཟོ་པ་རྣམས་ལ་སྲུང་སྐྱོབ་བྱ་ཆེད། ལོ་ན39ལ་སོན་པའི་མེང་ཧོ་ཡིས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འབར་གས་འབྱུང་ཉེ་བའི་འགད་རྫས་སྟེང་མཆོང་སྟེ་ལོ་ན་གཞོན་པའི་ཚེ་སྲོག་བློས་བཏང་བ་རེད།
ཀུའོ་རུང་ནི་ཀོས་ནན་རྫོང་ཐར་ཤུལ་ཞང་ཏང་སྲིད་ལས་ཁུངས་གཞུང་ལས་ཁང་གི་དྲུང་ཡིག་ཡིན་ལ། དུས་མཉམ་དུ་མོས་དཔའ་རྒོད་མེང་ཧོ་ཡི་མཛད་རྗེས་སྒྲོག་འགྲེལ་བྱེད་པའི་འགན་ཡང་ཁུར་ཡོད། མོས་བཤད་རྒྱུར“ཆེད་དུ་མྱ་ངན་དང་མཇལ་དུ་ཡོང་བའི་མང་ཚོགས་ལ་སྒྲོག་འགྲེལ་བྱེད་ཐེངས་རེ་རེར། སེམས་སུ་ཡིད་འགུལ་ཚད་མེད་སྐྱེ་སྲིད་ཅིང་། མེང་ཧོ་ཡི་མཛད་རྗེས་ས་གནས་མང་ཚོགས་ཀྱི་ཁྲོད་དུ་གང་སར་ཁྱབ་ཡོད། 2018ལོར། ཀོས་ནན་རྫོང་གིས་སྒོར་ཁྲི185བཏང་སྟེ། བློ་མཐུན་མེང་ཧོ་སྐུ་གཤེགས་སའི་རྗེས་ཤུལ་ཞིག་གསོ་དང་ལེགས་བཅོས་བྱས་ནས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ650ཡོད་པའི་དཔའ་རྒོད་མེང་ཧོའི་དྲན་གསོ་ཁང་ཞིག་ལས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་དང་ཟུང་དུ་སྦྲེལ་ཏེ། མཚོ་ལྷོ་ཁུལ་དང་ཀོས་ནན་རྫོང་གིས་ས་ཁོངས་རང་བཞིན་གྱི་ཏང་འཛུགས་བྱ་བ་གཏིང་ཟབ་སྤེལ་བ་དང་བསྟུན་ནས། དྲན་གསོ་ཁང་དེ་ཏང་གཤིས་སློབ་གསོའི་རྟེན་གཞི་རུ་བཟོས་པར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་བཏང་། ད་ལྟ་གནས་འདི་ཡང་བྱེ་སྣའི་བྱེ་འགོག་བྱེ་བཅོས་དྲན་གསོ་ཁང་རྗེས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་གྱུར་ཡོད།”
མེང་ཧོ་དྲན་གསོ་ཁང་གི་དོ་དམ་པ་ལྷ་མཆོག་ཐར་གྱིས་བཤད་རྒྱུར། “ཉེ་འཁོར་གྱི་སྡེ་མི་མང་པོ་རང་འགུལ་གྱིས་ཁོང་ལ་དྲན་གསོ་ཞུ་རུ་འོང་ལ། ཉེ་བའི་ཆར་ཡང་མགོན་པོ་དང་བཟང་ལྡན། ཐབས་མཁས་བཅས་ན་གཞོན་གསུམ་པོས་རང་འགུལ་གྱིས་ཐར་ཤུལ་ཞང་འབའ་ཐང་སྡེ་གསར་གྱི་བྱིས་སྙོར་ཁང་གི་བྱིས་པ་རྣམས་ལ་སྒོར3000གི་ལྭ་བ་ཉོས། ངས་བསམས་ན་འདི་ནི་མེང་ཧོའི་སྙིང་སྟོབས་དེ་མང་ཚོགས་ཕལ་བའི་ལུས་སྟེང་ནས་མངོན་པའི་མཚོན་རྟགས་ཤིག་རེད་སྙམ། །”
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།