ཧྲུའུ་ཅི་དང་པོ་ཐའོ་ཧུའུ་ལ་མཚོན་ནས་བཤད་ན། སྡེ་བའི་ནང་བཅའ་སྡོད་བྱས་པའི་ལོ་ངོ་ལྔ་བོ་ནི། ལས་འགན་གྱི་འགན་འཁྲི་དང་སེམས་ནང་གི་བདེ་སྐྱིད་ལྷག་ཏུ་མང་བའི་ལོ་ངོ་ལྔ་རེད།
འདས་མ་ཐག་པའི་ཉིས་སྟོང་བཅུ་དགུ་ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་རྫ་དམར་ཞང་བྱ་ཐང་སྡེ་བའི་ཧྲུའུ་ཅི་དང་པོ་ཐའོ་ཧུའུ་ལ་མཚོན་ན་ཕྱིར་དྲན་བྱེད་རིན་ཡོད་པའི་ལོ་ཁྱད་པར་བ་ཞིག་རེད།
མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་ནས་ཡུལ་སྐོར་གཞུང་ལམ་ཞིག་གསོ་བྱས་པ་དང་། སྡེ་བའི་ནང་གི་གདོད་མའི་ནགས་ཚལ་དང་ཤྭ་གསོ་ར་བ་བེད་སྤྱད་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅིང་། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གསུམ་བཏང་ནས་ཕྱུགས་སྤྱིལ་ལས་པ་དང་། ནོར་གནག་དགུ་བཅུ་གོ་ལྔ་ཉོས་ནས་མཉམ་ལས་ཁང་གི་གཞི་ཁྱོན་སྔར་ལས་རྒྱ་ཇེ་ཆེར་བཏང་།
“སྡེ་བའི་ནང་གི་ས་དབྱིབས་རྣམ་པ་ལ་བལྟས་ན་གངས་ཤུད་ར་བ་འཛུགས་རྒྱུར་འཚམ་པོ་འདུག་མོད། འོན་ཀྱང་ད་རག་བར་དུ་འོས་འཚམ་གྱི་ལས་གཞིའི་རྣམ་གྲངས་ཤིག་ལག་སོན་མ་བྱུང་། ད་ལོར་ང་ཚོས་ངེས་པར་དུ་ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་གངས་ཤུད་ར་བ་ཞིག་ལས་དགོས།”ཞེས་ཐའོ་ཧུའུ་ཡིས་བྱ་བ་དངོས་སྒྲུབ་འདོད་ཀྱི་གོམ་སྟབས་ནམ་ཡང་མཚམས་བཞག་མེད།
ལོ་ན་བཞི་བཅུ་ལའང་སོན་མེད་པའི་ཐའོ་ཧུའུ་ཡིས་བྱ་ཐང་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་གནས་སུ་ཕལ་ཆེར་ལོ་ངོ་ལྔ་ཡི་རིང་ལ་ལས་རྐང་བརྟན་སྲུང་བྱས་ནས་འགན་བསྐྱངས་པ་ཡིན་ལ། སྐབས་དེའི་རིང་ལ་བཤད་མི་ཤེས་པའི་སེམས་སྡུག་དང་མི་འདོད་པའི་མ་ཉེས་ཁ་གཡོགས་གང་མང་ཞིག་ཀྱང་མྱངས་མྱོང་། དེ་ལས་ཀྱང་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཀྱི་སྤོབས་པ་མང་པོ་ཞིག་ཀྱང་ཐོབ་ཡོད། “གལ་སྲིད་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དགོས་མཁོ་ཡོད་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་དོན་དག་ཅི་རིགས་ལེགས་པོར་སྒྲུབ་པ་དང་རྣལ་མོར་བསྒྲུབས་ཏེ་དོན་ལྡན་ཡོང་བ་བྱེད་པ་དང་། དངོས་གནས་མང་ཚོགས་ཀྱི་སེམས་སྡུག་དོན་ངོ་མའི་སྒོ་ནས་སེལ་བར་བྱེད་ཐུབ་ཚེ། ད་གཟོད་འབངས་མི་སེར་ཀྱིས་ང་ཚོར་བློ་གཏད་ཡིད་ཆེས་དང་དགའ་མགུ་ཡི་རང་བྱེད་སྲིད།” སྐད་ཆ་འདི་ནི་ཐའོ་ཧུའུ་ཡིས་ཧྲུའུ་ཅི་དང་པོའི་ལས་འགན་བསྐྱངས་པའི་མྱོང་ཚོར་དང་ངེས་ཤེས་ཟབ་མོ་ཞིག་རེད།
“བྱ་ཐང་སྡེ་བ་ནི་རྫ་དམར་ཞང་གི་སྡེ་བ་བརྒྱད་ཀྱི་ཁྲོད་ནས་ཆེས་རྗེས་ལུས་ཀྱི་སྡེ་བ་ཞིག་ཡིན་ལ། ལོ་ཏོག་འདེབས་སའི་ཞིང་ས་ཚང་མ་རི་ངོས་སུ་ཡོད་ཅིང་། ཡུར་ཆུ་འདྲེན་སའི་གནས་ཀྱང་མེད་ལ། ནས་ཞིང་སོགས་ཉུང་ངུ་རེ་བཏབ་ཀྱང་ལོ་ལེགས་འབྱུང་མིན་མི་ཤེས་པས། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་བཞིན། ལས་དབང་ཐམས་ཅད་གནམ་ལ་བཅོལ་ཡོད་པ་རེད” ཛ་དྲག་གི་གནས་བབ་དེ་འདྲ་ལ་་གདོང་གཏད་དེ། ཐའོ་ཧུའུ་ཡིས་རང་འཁྲིའི་ལས་འགན་ལ་འབད་འབུངས་ཆེར་བསྐྱེད་ཀྱིས། དབུལ་སྐྱོར་བྱ་བ་ནན་ཏན་གྱིས་བསྒྲུབས། ད་སྐབས་ཀྱི་བྱ་ཐང་སྡེ་བའི་གཞུང་ལམ་གཙོ་བོ་ནི་སྣུམ་སྙིགས་ལམ་རེད་ལ། ཁྱིམ་ཚང་རེ་རེར་འགྲོ་སའི་ལམ་ཕྲན་དག་ཀྱང་ཨར་འདམ་གྱི་ལམ་རེད། གསར་དུ་གྲུབ་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་དྭངས་གསལ་ཁོད་ཡངས་ཡིན་པའི་གཞུང་ལས་ཁང་ཞིག་ལས། སྡེ་བའི་འཕྲོད་བསྟེན་ཁང་གི་རྣམ་པ་ཡང་གསར་པ་གསར་རྐྱང་ཞིག་ཏུ་བསྒྱུར་ཡོད་ཅིང་། སྨན་བཅོས་ཀྱི་སྒྲིག་བཀོད་དང་འཕྲུལ་ཆས་སྔར་ལས་ཆེད་ལས་ཅན་དུ་གྱུར་འདུག སྡེ་མི་རྣམས་ཀྱི་ས་དང་ཤིང་ཆ་ཁོ་ནས་གྲུབ་པའི་སྔོན་ཆད་ཀྱི་ས་ནག་ཁང་པ་དག་ཀྱང་ད་སྐབས་སྤུས་ལེགས་པའི་སོ་ཕག་ཁང་པ་གསར་པར་བསྒྱུར་ཡོད་ལ། སྡེ་བ་ཡོངས་ཀྱི་ཆ་སྙོམས་ཡོང་སྒོ་ཡང་གོང་ནས་གོང་དུ་འཕེལ་བཞིན་འདུག
དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བ་ནི་ཐོན་ལས་ལ་ཐུག་ཡོད་པས། ཐའོ་ཧུའུ་ཡིས་སྡེ་བ་འདི་ལ་འདེབས་འཛུགས་དང་གསོ་སྤེལ་ཕྱོགས་ཀྱི་དགེ་མཚན་ལེགས་པོ་ལྡན་པ་གསལ་པོར་རྟོགས།
ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་དང་ཆི་ལེན་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་གཉིས་ཀྱིས་རིན་མ་བླངས་པར་འདོན་སྤྲོད་བྱས་པའི་ནས་འབྲུའི་ས་བོན“ཁུ་ནུ15”རྟགས་ཅན་བརྩོན་ལེན་བྱས་པས། མུའུ་རེའི་ཐོན་ཚད་སྔོན་ཆད་དང་བསྡུར་ན་སྤྱི་རྒྱ200ལྷག་འཕར་བ་དང་། མིག་སྔར་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཡང་སྤྱི་ཆིང80ལ་སླེབས་ཡོད།
ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། འབྲོག་ལུག་དང་ནོར་གནག་གསོ་སྤེལ་བྱས་པར་བརྟེན་ནས། 2016ལོ་ནས2019ལོའི་བར་དུ། དབུལ་ཕོངས་ཁྱིམ་ཚང་ལ་བགོས་པའི་ཁེ་སྤོགས་བསྟུད་མར་ལོ་ངོ་གསུམ་ལ་འཕར་བྱུང་། སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་བརྩོན་ལེན་བྱས་ཏེ་བཙོག་ཆུ་འཕུད་སའི་སྦུག་ལམ་བཏིང་བ་དེ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་དོན་གཅིག་ལ་ཁེབས་ཏེ། མིག་སྔར་རྫ་དམར་ཞང་དུ་བཙོག་ཆུའི་སྦུག་ལམ་བཏིང་ཡོད་པའི་སྡེ་བ་གཅིག་པུ་རུ་གྱུར་ཡོད།
“ན་གཞོན་གསར་བུ་འདི་ཉིད་རང་ག་བ་ཞིག་མ་རེད། ཧ་ཅང་བཟང་།”“ད་རུང་ང་ཚོ་ལ་སྣེ་ཁྲིད་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཐུབ།”……“དུས་དེ་ནས་བཟུང་། ངས་དཀའ་སྡུག་དང་བློས་བཏང་ཡོད་ཚད་ལ་རིན་ཐང་ལྡན་པ་ཚོར་བྱུང་ལ། སེམས་ཁྲལ་དེ་དག་ངས་མུ་མཐུད་ནས་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པའི་སྒུལ་ཤུགས་སུ་གྱུར།”
དབུལ་ཕོངས་ཁྱིམ་ཚང་མཱ་ཧྥེང་མེ་ཚང་ནི་སྔོན་ཆད་སྡེ་བའི་ནང་གི་ཆེས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ལ། བཟའ་ཟླ་སྔ་མོ་ནས་འདས་ཟིན་པ་དང་། མོ་རང་ཉིད་ཀྱང་རིམ་པ་བཞི་པའི་དབང་པོ་སྐྱོན་ཅན་ཡིན་པས། ཁང་མིག་གསུམ་ཅན་གྱི་ས་ཕག་ཁང་པ་ཞིག་གི་ནང་དུ་བསྡད་ཡོད་ཅིང་། ཉིན་རེ་རེའི་འཚོ་བའང་འཁྱོལ་ཐབས་དཀའ་བའིུ་ཚད་ལ་ལྷུང་འདུག གནས་ཚུལ་ལ་རྒྱུས་ལོན་བྱུང་བའི་རྗེས་སུ། ཐའོ་ཧུའུ་ཡིས་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲིས་བྱས་པ་བརྒྱུད་ནས་མཱ་ཧྥེང་མེ་དམངས་སྲིད་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ནང་འཇོག་པའི་འགྲོ་ལུགས་སྒྲུབས་པ་དང་། ཁོ་མོའི་བུ་ཆུང་ནགས་ལས་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་སུ་རེ་ཞུ་བརྒྱབ་པར་མ་ཟད། ཁོ་ཚོ་བྱ་ཐང་སྡེ་བའི་ཆེད་ལས་མཉམ་ལས་ཁང་ནང་དུ་ཞུགས་རྒྱུའི་སྐུལ་མ་བཏང་། རིམ་གྱིས་མཱ་ཧྥེང་མེ་ལ་ཡོང་སྒོ་ཡོད་པར་གྱུར་བ་དང་། སྨན་བཅོས་སྐྱོབ་རོགས་ཀྱི་ཞབས་ཞུ་ལ་བརྟེན་ནས། ཁོ་མོའི་ནད་གཞི་ཡང་ཅུང་ཟད་ཇེ་དགའ་རུ་སོང་ཡོད་པས། ནམ་རྒྱུན་གདོང་ལ་ཉམས་དགའ་བའི་འཛུམ་མདངས་མངོན་ནས་ཡོད།
“ཁོམ་པ་ཡོད་དུས་ཁྱིམ་དུ་ཤོག ཁྱིམ་དུ་ཡོང་ནས་གུང་ཟས་བཟའ་རོགས། ཆེན་པོ་མེད་ཀྱང་ཇ་དང་གོ་རེ་འདང་ངེས་ཡོད་པ་ཡིན།”ཐེངས་རེ་རེར་ཕན་ཚུན་ཁ་འབྲལ་སྐབས། མང་ཚོགས་ཀྱིས་ནམ་རྒྱུན་ཐའོ་ཧུའུ་ལ་དེ་ལྟར་བཤད་བཞིན་ཡོད།
“མང་ཚོགས་ཀྱི་བབ་ཆགས་པའི་སྐད་ཆ་དེ་དག་ཐོས་ཐེངས་རེ་རེར། ང་ལ་སེམས་འགུལ་ཆེན་པོ་ཐེབས་ལ། ལོ་འདི་དག་གི་རིང་ལ་སྡེ་སྡོད་རོགས་སྐྱོར་ཐད་ནས་འབྲས་བུ་ཆེན་པོ་བླངས་འདུག་ཨང་བསམ་མོད། འོན་ཀྱང་འབྲས་བུ་འདི་དག་ནི་བྱ་བའི་སྟེང་ནས་བླངས་པའི་གྲུབ་འབྲས་ཁོ་ན་ཡང་མ་རེད།”ཅེས་ཟེར་ཞོར་ཐའོ་ཧུའུ་ཡི་མིག་མཐར་མཆི་མ་འཁོར་བྱུང་།
ཡུན་རིང་བའི་འཕེལ་རྒྱས་ཐབས་ཇུས་ལ་དམིགས་ནས། 2017ལོར། ཐའོ་ཧུའུ་ཡིས་ཐོན་ལས་ཀྱི་ཁྱིམ་ཐོན་མ་དངུལ་བེད་སྤྱད་ནས་རྫོང་མཁར་དུ་མགྲོན་ཁང་ཉོ་སྒྲུབ་བྱེད་རྒྱུ་ཐག་བཅད། དེ་དང་མཉམ་དུ། སྡོད་ཁང་བདེ་འཇགས་དང་འཐུང་ཆུའི་བདེ་འཇགས། སློབ་གསོའི་འགན་སྲུང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་དམངས་འཚོའི་བཟོ་འགོད་དག་ལ་རིམ་གྱིས་སྐུལ་འདེད་བཏང་།
ཐའོ་ཧུའུ་དང་ལས་བྱེད་རུ་ཁག དེ་མིན“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”བཅས་ཀྱིས་འབད་བརྩོན་བྱས་འོག 2018ལོར་བྱ་ཐང་སྡེ་བའི་དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་ཕུད་ཐུབ་པ་བྱུང་། ཡིན་ནའང་། དབུལ་ཐར་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དུ་གཏོང་བ་དང་། ཇི་ལྟར་བྱས་ན་ད་གཟོད་མང་ཚོགས་སླར་ཡང་དབུལ་ཕོངས་སུ་མི་འགྱུར་བའི་གནད་དོན་ཐད་ལ་ཐའོ་ཧུའུ་ཡིས་སྔར་བཞིན་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་སྙམ་བཞིན་ཡོད།
སྡེ་སྡོད་བྱ་བའི་ཁྲོད་དུ། རྔུལ་ཆུ་དང་མིག་ཆུ་འདྲེས་ཡོད་ལ། སྐྱོ་བའི་སྡུག་བསྔལ་དང་དགའ་བའི་དགོད་སྒྲ་ཡང་འདྲེས་ཡོད། ཐའོ་ཧུའུ་ལ་མཚོན་ནས་བཤད་ན། སེམས་ནང་དུ་འཇགས་ཡོད་པ་ནི་ངལ་དུབ་གཅིག་པུ་མ་ཡིན་པར། མང་པོ་མང་པོ་ཞིག་ཐོབ་ཡོད་དེ། དེ་ནི་ཁོའི་སེམས་ཁོང་དུ་བཅངས་པའི་ལས་འགན་དང་། འགན་འཁྲི། བདེ་སྐྱིད་དེ་ཚོ་ཡིན་པ་དེ་རེད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།