ཡུས་ཧྲུའུ་གྱི་ལོ་ངོ་བཅུ། བསྐྱར་སྐྲུན་ལས་འཚོ་བ་གསར་པ་པང་དུ་བླངས།
2020.04.21 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 23

 ད་ལོ་ནི་ཡུས་ཧྲུའུ་ས་འགུལ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ལོ་བཅུའི་རིང་ལ་ཡུས་ཧྲུའུ་བསྐྱར་སྐྲུན་ཁྲོད་ཡུས་ཧྲུའུ་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་རྒྱས། 2019ལོར་གྲོང་ཁྱེར་དང་གྲོང་གསེབ། རོང་འབྲོག་ས་ཁུལ་གྱི་རྒྱུན་སྡོད་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་སོ་སོར་སྒོར་ཁྲི་གསུམ་སྟོང་ལྔ་ཆིག་བརྒྱ་རེ་བདུན་དང་སྒོར་སྟོང་དགུ་ཆིག་བརྒྱ་སོ་བརྒྱད་ལ་བསླེབས་ཤིང་། འོས་འགན་སློབ་གསོའི་རྨང་གཞི་ཇེ་བརྟན་དུ་བཏང་ཚད96.1%དང་། དབུལ་པོ་མི་གྲངས་སྤྱི་ཚོགས་འགན་སྲུང་ནང་ཞུགས་ཚད100%། ནད་ལྕི་མོའི་རིགས་དང་ཚབས་ཆེའི་རིགས་ཀྱི་སྨན་བཅོས་རོགས་སྐྱོབ་ཁེབས་ཚད100%ལ་བསླེབས་པ་སོགས་ཀྱི་ཡར་རྒྱས་གསར་པ་བྱུང་ཡོད།

ཡུས་ཧྲུའུ་གསར་པ་གཙང་གསུམ་མགོ་ཁུངས་སུ་བརྗིད་ཀྱིས་འགྱིང་ཞིང་། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་ནི་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་འགྱིང་ནས་ག་ས་གང་དུ་མིག་ལ་མཛེས་པ་དང་། ཡངས་པའི་ཁྲོམ་གཞུང་དུ་ཟས་རིགས་སྣ་འཛོམས་ཀྱི་གསོལ་ཁང་ཕྲེང་དུ་བསྟར་བ་སོགས་ཁ་བས་བཀླུབས་པའི་སྐྱེ་རྒུ་གྲོང་རྡལ་ནི་ཟླ་བཞི་པའི་མཐོ་སྒང་ན་ལྷམ་མེར་མཛེས།

“ལོ་ངོ་བཅུའི་ནང་ཡུས་ཧྲུའུ་ལ་སྔ་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད” ཅེས་ ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་བཤམས་སྟོན་ཁང་གི་འགྲེལ་བཤད་པ་ཚེ་རིང་དབང་མོས་ཡུལ་སྐོར་པ་རྣམས་ལ་དེ་ལྟར་བཤད་ཀྱིན་ཡོད་ལ་དེ་ནི་མོའི་སེམས་ཀྱི་མྱོང་ཚོར་ཟབ་མོ་ཞིག་ཀྱང་རེད། ལོ་བཅུའི་ཡར་སྔོན་དུ། ས་འགུལ་གྱིས་ཡུས་ཧྲུའུ་རྡུལ་དུ་བརླགས་པ་ན།  མི་སུས་ཀྱང་ཡིད་ལ་འཆར་དཀའ་བ་ནི་ད་ལྟའི་ཡུས་ཧྲུའུ་ཡི་ངོ་མཚར་བའི་འཕེལ་རྒྱས་ཀྱི་རྣམ་པ་འདི་རེད།

ཡུས་ཧྲུའུ་ཡི་གྲོང་ཁྱེར་གསར་པ་ནི་ཕྱིའི་མཛེས་པ་ཁོ་ན་མ་ཡིན་ཏེ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ཚེ། ཆ་འཕྲིན་བསྡུ་ཉར་དང་ཡིག་ཚགས་སྒྲིག་བཟོ། གྱོད་ཐག་ཞིབ་གཅོད་ལ་སོགས་འཕྲོ་རིམ་འཕྲོར་དུས་ཐོག་ཏུ་བསྒྲུབས་ཤིང་། འབོད་བརྡ་ལྟེ་གནས། བཀོད་འདོམས་ལྟེ་གནས། ཇུས་ཆོད་ལྟེ་གནས་བཅས་ཀྱི་ལས་བགོས་གསལ་པོར་ཕྱེ་ཡོད་པ་རེད། དེ་ནི་2015ལོར་པེ་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ཁྲོད་ཀྱི་ལས་གཞི་གལ་ཆེན་ཡིན་ལ། ད་ལྟའི་བར་དུ་གྱོད་དོན་སྣ་ཚོགས་ཁྲི་གཉིས་ལྷག་དང་གྱོད་གཞི85%ཡན་ཐག་བཅད་ཡོད།

“ང་ཚོས་ཉིན་རྒྱུན་གྱི་གཉེར་སྐྱོང་ནས་ལས་གཞི་གསར་སྤེལ་བར་དུ་ཞབས་ཞུ་ཐད་ནས་ཟབ་སྦྱོང་ལེགས་པོ་བྱས་ཏེ་སྲིད་སྐྱོང་དང་དམངས་ཚིས། སྤྱི་ཚོགས་རོགས་སྐྱོབ་སོགས་ཕྱོགས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་བ་ཡིན”ཞེས་ཡུས་ཧྲུའུ་གྲོང་ཁྱེར་གྱི་འགོ་གཙོ་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད། པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས 2016ལོར་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྲུན་པ་དང་། ད་ལྟ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གྲས་སུ་ཚུད་པར་བརྩོན་ལེན་བྱེད་བཞིན་པའི་སྒང་ཡིན་ལ། འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྔ་ན་མེད་པའི་འགྱུར་ལྡོག་བྱུང་ཡོད།

ད་ལོར་ལོ20ཡིན་པའི་བསོད་ནམས་ཕུན་ཚོགས་ནི་སློབ་ཆེན་གྱི་ལོ་རིམ་གཉིས་པའི་སློབ་ཆེན་པ་ཞིག་ཡིན། ཁོས་བཤད་རྒྱུར། ཨ་ཕ་ནི་ཁོའི་སེམས་ཁོང་གི་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་སྣང་བརྙན་གསོན་པོ་དེ་ཡིན། ས་འགུལ་གྱི་སྐབས་སུ་རོང་པོ་གྲོང་རྡལ་བདེ་ཆེན་གྲོང་ཚོར་གནོད་པ་ཚབས་ཆེན་ཐེབས་ནས་ཁང་པ་ཚང་མ་བརྡིབས་པ་དང་། རྒྱུ་ནོར་ཡོད་ཚད་ཕངས་མེད་དུ་བརླགས་པའི་དུས་སུ་ཨ་ཕས་ཁྱིམ་མི་གང་བོའི་འཚོ་བ་དང་ངའི་སློབ་གཉེར་ལ་བར་ཆད་མི་ཐེབས་པའི་ཆེད། སོ་ཕག་བཟོ་གྲྭ་གཉེར་མྱོང་ལ། ཁང་པ་ལས་པ་དང་རླངས་འཁོར་ཞིག་གསོ་སོགས་ཀྱི་ལས་ཀ་གཉེར་མྱོང་། ན་ནིང་ཁོ་ཚང་སྲིད་གཞུང་གིས་གནང་པའི་སྡོད་ཁང་ནས་ཐོག་ཁང་གསར་པར་སྤར་བ་དང་། རང་ཁྱིམ་གྱིས་གཉེར་བའི་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་ནས་ན་གཞོན16ལ་ལས་གནས་མཁོ་འདོན་བྱསཡོད། “ད་ལྟ་འཚོ་བ་ཇེ་ལེགས་སུ་སོང་ན་ཡང་ཨ་ཕའི་དཀའ་སྡུག་གི་ལོ་ཟླ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད། ཨ་ཕས་མ་དངུལ་བཏང་ནས་རྒན་གསོ་ཁང་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་སོགས་ནི་ང་ཚོ་བུ་ཕྲུག་རྣམས་ཀྱི་བསླབ་བྱ་བཟང་བོ་ཡིན“ཟེར།

ས་འགུལ་བྱུང་རྗེས་སུ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་གནོད་ཤུལ་བསྐྱར་སྐྲུན་གྱི་འཆར་འགོད་དང་དམིགས་འབེན་ཡོངས་འགྲུབ་བྱས། རོང་འབྲོག་ཁྱིམ་ཚང་ཁྲི་གཅིག་སྟོང་དྲུག་བདུན་བརྒྱ་ལྷག་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་ཁྲི་གཉིས་སྟོང་གཉིས་བཞི་བརྒྱ་ལྷག་སྡོད་ཁང་གསར་བར་སྤར་དུ་བཅུག་ནས་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱུང་། སློབ་གསོ་དང་སྨན་བཅོས། རིག་གནས། ལུས་རྩལ། ཕན་བདེ་གླིང་། དྭ་ཕྲུག་གླིང་སོགས་འཛུགས་སྐྲུན་སྐོར་ཞིག་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས། དེར་མ་ཟད་ཁུལ་དང་རྫོང་ལ་རིམ་པ་གཉིས་པའི་སྣུམ་སྙིགས་ཀྱི་ལམ་ཡོངས་སུ་བཏིངས་ཤིང་། ཞང་དང་གྲོང་རྡལ་གྱི་བཅུ་ཆའི་དགུ་ཡི་སྣུམ་སྙིགས་ལམ་ཤར་བགྲོད་བྱུང་། བརྡ་འཕྲིན་ཁེབས་ཚད100%ལ་བསླེབས་པ་སོགས་མངའ་ཁོངས་ཀྱི་རྣམ་པ་ངོ་མཚར་ཞིང་། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ། དུས་རབས་ཀྱི་དར་སྲོལ་གསར་བས་ཕྱུག་པའི་ཡུས་ཧྲུའུ་གསར་པ་དེ་གཙང་གསུམ་འགོ་ཁུངས་སུ་ཀྲོང་ངེར་འགྱིང་ཡོད།

འབྱོར་འབྲིང་ལམ་དུ་གཅིག་ཀྱང་བསྐྱུར་མི་རུང་།

ཡུས་ཧྲུའུ་ཁུལ་གྱི་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་དུ་བསྐྱོད་པ་ན། བོད་རིགས་བུ་མོ་ལྷ་མོས་ནོར་བུ་གླིང་མི་རིགས་གྱོན་ཆོས་ཀུང་སིར་ལྭ་བ་བཟོ་བའི་ལས་ལ་བྲེལ་བཞིན་ཡོད།

སྲིད་གཞུང་གི་རོགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ད་གཟོད་འཚོ་བ་གསར་པར་རོལ་ཐུབ་པ་བྱུང་།  གྱང་ཆག་ཞིག་རོ་དང་བརྡིབས་རོའི་ཁྲོད་ནས་ཐར་བའི་ལྷ་མོ་ནི་ཁྱིམ་མི་གང་བོ་ས་འགུལ་ཁྲོད་འདས་པའི་ཤུལ་ལུས་གཅིག་པུ་རེད། མོ་ནི་སྤྲོ་སྣང་གིས་ཁེངས་པའི་བུ་མོ་ཞིག་ཡིན། ཁོ་མོས་ནམ་ཡང་དབུལ་ཕོངས་ལས་ཐར་རྒྱུ་ནི་ངེས་པར་དུ་རང་གི་ལག་ཟུང་ལ་བརྟེན་དགོས་པ་གསལ་བོར་རྟོགས་ཀྱིན་ཡོད་ལ།  ཀུང་སི་ནས་ཟླ་གཅིག་ལ་གླ་ཕོགས་སྒོར9000ལྷག་ལེན་ཐུབ་ཀྱི་ཡོད།

ནོར་བུ་གླིང་མི་རིགས་གྱོན་ཆས་ཀུང་སི་ནི་ཡུས་ཧྲུའུ་མི་རིགས་གྱོན་ཆས་ཀྱི་སྣེ་འཁྲིད་ཁེ་ལས་ཡིན་ཞིང་། ལོ་རེར་དུས་བཅད་ལྟར་བོད་ལྭ་བཟོ་ལུགས་སྐོར་ནས་ཟབ་སྦྱོང་སྤེལ་གྱི་ཡོད་པ་དང་། གྲུབ་འབྲས་ཕུལ་བྱུང་རྣམས་བཟོ་ཁང་དུ་ལས་གནས་སྤྲད་དེ་ཟླ་རེར་མ་མཐའི་གླ་ཕོགས་སྒོར2500དང་དེའི་ཁར་ཐོན་གྲངས་ཕོགས་དངུལ་ཡང་སྟེར་གྱི་ཡོད། ལོ་བཅུའི་རིང་། ཀུང་སིས་སྔ་གཞུག་ཏུ་མི་ཐེངས3000ལྷག་ལ་ཟབ་སྦྱོང་བྱས་ཤིང་། རོང་འབྲོག་ཁྱིམ་ཚང1200དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། ཀུང་སིའི་སྤྱི་གཉེར་བ་དཔལ་ལྡན་རྒྱལ་མཚན་གྱིས་བཤད་རྒྱུར། “ང་ཚོའི་ཐོན་རྫས་ནི་སྲོལ་རྒྱུན་གྱི་ལག་ཤེས་སོར་བཞག་དང་དེང་རབས་ཀྱི་ཁྱད་ཆོས་ནང་འཇུག་བྱས་ཡོད་པས་ཚོང་ར་ནས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་ལ། ཐོན་རྫས་འགའ་རྒྱལ་ཕྱིར་འཚོང་བཞིན་ཡོད“ཟེར།

2015ལོར་ཡུས་ཧྲུའུ་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་ཁྲི་གསུམ་སྟོང་ལྔ་ཡི་མི་གྲངས་འབུམ་གཅིག་ཁྲི་གཅིག་སྟོང་གཉིས་བཞི་བརྒྱར་གསལ་འབྱེད་གནད་འཁེལ་བྱས་ཤིང་། གྲངས་ཀ་དེ་མཚོ་སྔོན་ཞིང་ཆེན་ཀྱི་དབུལ་ཕོངས་མི་གྲངས་ཀྱི1/5ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་པོ་ཆེས་མང་ལ། དབུལ་པོའི་ཚད་ཐལ་དྲགས་པ། དབུལ་པོ་ལས་ཐར་དཀའ་བའི་ས་ཁུལ་ཆེ་ཤོས་སུ་གྱུར།

ཡུས་ཧྲུའུ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཞའོ་ཝེ་ཡིས་བཤད་རྒྱུར། ཡུས་ཧྲུའུ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”། འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་སོགས་ཐག་གཅོད་བྱས། ལོ་ལྔའི་ཚུན་ལ་སྔ་གཞུག་ཏུ་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་བཅོ་བརྒྱད་ལྷག་བཏང་སྟེ་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་ཆ་ཚང་ཁྲི་བཞི་སྟོང་གཉིས་བདུན་བརྒྱ་སུམ་ཅུ་བསྐྲུན་ཏེ། དབུལ་ཕོངས་མི་གྲངས་ཁྲི་དྲུག་སྟོང་བདུན་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་ཏུ་བཏང་།

ཞོགས་པ་ནས་བཟུང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་པེ་ཅིན་ཁ་གཏད་མཚོ་སྔོན་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་བཅོས་མཁོ་ཆས་ཧ་ཤུལ་ཞང་དུ་བསྐྱལ་ནས་ཁྱིམ་ཚང་དབུལ་པོའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྨན་ཁང་དུ་གཤག་བཅོས་བྱས་པའི་གྲོང་མི་སྐལ་བཟང་གི་ནད་གཞི་ཇེ་བདེར་སོང་ཡོད་པ་མཐོང་འཕྲལ་རུ་མི་རྣམས་ཀྱི་སེམས་བདེ་ལ་བབས། ན་ནིང་གི་ཟླ8པར། པེ་ཅིན་གྱི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་སྐོར་བཞི་བ་ཡུས་ཧྲུའུ་རུ་འབྱོར་རྗེས། ཁོ་ཚོས་ཞབས་ཞུའི་རྣམ་པ་སྤྱད་དེ་རོགས་སྐྱོར་དང་། དུས་བཅད་ལྟར་ནད་པར་བསྐྱར་བཤེར་སོགས་བྱས་པ་དང་། སྨན་བཅོས་ཞབས་ཞུ་མཐའ་འཁོབ་ས་ཁུལ་དུ་བསྐྱལ་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་དཀའ་ཁག་སེལ་རོགས་བྱས།

གཞི་གྲངས་ལས་མངོན་པ་ལྟར་ན། ཡུས་ཧྲུའུ་ཡི་དབུལ་པོ་མི་གྲངས་ཀྱི་ཁྱིམ་ཚང་སྨན་པའི“ཕྱོགས་གཉིས་ཀྱི་གྲོས་ཆིངས”དང་ཁ་ཆད་ལག་བསྟར་བྱས་ཚད100%ཟིན། ལོ་ལྔའི་ཚུན་ལ་ནད་གཞི་ལྕི་མོའི་རིགས་ཀྱི་ནད་པ་མི་ཐེངས3217ལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་འབུམ་གཉིས་ཁྲི་གཉིས་ཀྱིས་རོགས་སྐྱོར་བྱས་པ་དང་།  ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཞག་སྡོད་སྨན་རིན་འགན་ལེན་རྩིས་ཞུ་བྱས་ཚད90%ལ་སླེབས།

“ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་པ་ལྷོད་མེད་བྱེད་བཞིན་ཡོད། ” དབྱང་ཞའོ་ཝའེ་ཡིས་བཤད་རྒྱུར། ཡུས་ཧྲུའུ་ཁུལ་གྱི་དབུལ་ཕོངས་མི་གྲངས་མི་རེའི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར2970ནས2019ལོའི་སྒོར5200ཡན་ལ་འཕར་ཡོད་པ་དང་། དབུལ་པོར་གྱུར་ཚད2015ལོའི་ལོ་མཇུག་གི34%ནས2019ལོའི་ལོ་མཇུག་གི3%བར་ཇེ་ཉུང་དུ་སོང་ཡོད་ཟེར།

མེས་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཏང་།

“ཁྲུང་ཁྲུང་གི་ཕ་སར”གྲགས་པའི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ལྟ་སྲུང་པ་ཚེ་རྒྱལ་གྱིས་སྐོར་སྲུང་གི་ལས་ལ་བྲེལ་བཞིན་ཡོད།

སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་བ་ནས་བཟུང་། ཚེ་རྒྱལ་གྱིས་གནས་དེར་འཚོ་བའི་འདབ་ཆགས་རིགས་གང་ཞིག་ཡིན་རུང་སེམས་ཞིབ་མོས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པར་མ་ཟད། འདབ་ཆགས་དེ་དག་ཁོའི་ཚེ་སྲོག་གི་ཕྱེད་ཀ་ལྟ་བུར་གྱུར་ཡོད། ཆུང་དུས་སུ་ཕ་མེས་རྣམས“རྐང་རྗེན་དུ་ན་འདམ་བརྒལ་ཞིང་གུར་ཕུབ་སྟེ་འདབ་ཆགས་སྲུང་བའི”ངང་ཚུལ་དེ་ཁོའི་དྲན་ངོགས་སུ་རྡོ་ལ་རི་མོ་བཞིན་བརྐོས་ཡོད། འདབ་ཆགས་ཉུང་མི་རུང་ལ། གཙང་པོ་ཡང་བརྙོག་མི་རུང་། འདམ་ར་ཡང་སྐམ་མི་རུང”བའི་བསླབ་བྱ་ཟབ་མོ་དེ་ཚེ་རྒྱལ་གྱི་མི་ཚེ་འདིའི་སྲུང་བྱ་ཉག་ཅིག་ཏུ་གྱུར། ཚེ་རྒྱལ་གྱིས་བཤད་རྒྱུར། “ ངས་ཡིག་ངོ་མི་ཆོད་ལ་རིག་གནས་ཡོན་ཏན་ཅི་ཡང་མེད་པས་ན་འདམ་སྲུང་སྐྱོབ་དང་འདབ་ཆགས་ཀྱི་གལ་ཆེན་རང་བཞིན་དེ་བཤད་མི་ཤེས་ལ།  ཤེས་པ་ཅིག་ནི་ང་རང་ཁོ་ཚོ་དང་ཁ་འབྲལ་ཐབས་མེད་པ་དེ་ཡིན་ཟེར།

པ་སངས་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ས་འགུལ་རྗེས་སུ་རྒྱལ་ཡོངས་ས་གནས་ཁག་གིས་ཡུས་ཧྲུའུ་ལ་རོགས་སྐྱོར་གང་མང་བྱས་པ་ང་ཚོས་བརྗེད་ཐབས་བྲལ། ད་ལྟ་ས་ཆ་འདི་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རང་ལ་འབྱོར་ཕྱུག་བསྐྲུན་པ་མ་ཟད། མེས་རྒྱལ་ཀྱི་རི་ཆུ་སྲུང་སྐྱོབ་བྱེད་པར་བྱས་རྗེས་བཞག་པའང་ཡིན་ཟེར།

གངས་རི་ཚར་དུ་དངར་བའི་ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོབ་ཁུལ་ནས་གཡུ་ཡི་སྐ་རགས་བཞིན་སྔོ་ཞིང་དྭངས་པའི་འབྲི་ཆུ་དང་རྫ་ཆུ། དེ་ནས་བྱ་བརྒྱའི་འགྲན་གླེང་གི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བར་གྱི་ཡུས་ཧྲུའུ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྐྱོད་ཁུལ་ཡིན་ལ། རྒྱལ་ཡོངས་དང་ཐ་ན་ཨེ་ཤ་ཡ་གླིང་ཆེན་གྱི་ཆུའི་སྐྱེ་ཁམས་ཀྱི་བདེ་འཇགས་ལ་དམ་པོར་འབྲེལ་བའི་ས་ཆ་ཞིག་ཡིན་པས། ཡུལ་འདིར་སྐྱེ་ཁམས་ཁོར་སྲུང་གི་ལམ་ལུགས་ནན་མོ་ལག་བསྟར་བྱས་ཡོད་ལ། གཙང་གསུམ་འགོ་ཁུངས་དང་། ཨ་ཆེན་གངས་རྒྱབ། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་གཞི་བཅོལ་བའི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཀྱི་མ་ལག་ཀྱང་ཆགས་ཡོད།ཡུས་ཧྲུའུ་ཁུལ་གྱིས་འབད་པ་ལྷོད་མེད་བྱས་པ་བརྒྱུད། 

ནགས་ཀྱི་ཁེབས་ཚད་དེ2010ལོའི3.2%ནས2019ལོའི3.97%ཇེ་མཐོར་སོང་ཡོད་པ་དང་། མི་ཁྲི་གཅིག་སྟོང་བརྒྱད་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཞུགས། གཙང་གསུམ་འགོ་ཁུངས་ཀྱི་ན་འདམ་གྱི་རྒྱ་ཁྱོན་དེ་ལོ8ནང་སྤྱི་ལེ་གྲུ་བཞི་མ་ཁྲི1ཇེ་ཆེར་སོང་ཡོད་པ་དང་། གཙོད་ཁྱུའི་གྲངས་ཀ་སླར་གསོ་བྱུང་ནས་ཁྲི7ལྷག་ལ་བསླེབས། གསའ་ཡི་གྲངས་ཀ1200ལྷག་ཏུ་འཕར་བ་སོགས་ཁུལ་ཡོངས་ཀྱི་གོང་འོག་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་ལ་དགའ་ཞིང་། སྔོ་ལྗང་རྩི་ཤིང་ལ་དགའ་བ། སྐྱེ་ཁམས་ལ་གོང་བཀུར་དང་གཅེས་སྐྱོང་བྱ་རྒྱུར་དགའ་བའི་ཡ་རབས་ཀྱི་གོམས་གཤིས་བཟང་བོ་ཞིག་ངང་གིས་གྲུབ་ཡོད།

“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོའི་ཁྲོད་ཚུད་པ། བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོབ་ཉམས་ཞིབ་ཁང་བཙུགས་པ་བཅས་དང་བསྟུན་ནས། ཡུས་ཧྲུའུ་ཡིས་ལོ་རྒྱུས་སུ་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས། ང་ཚོས་ངེས་པར་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས“ཞེས་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་སྲུང་ཅུས་ཀྱི་ཅུས་ཀྲང་རྡོ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།