མཁར་གྲོང་གི་འབྲོག་པ་དང་ཁོ་ཚོའི་བདེ་སྐྱིད་ཀྱི་འཚོ་བ།
2020.04.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

དཔྱིད་ཀྱི་ཉི་འོད་འཇམ་པོ་ཐོག་ཁང་གི་སྒེའུ་ཁུང་བརྒྱུད་ནས་འཕྲོས་ཡོང་དུས། ཏག་ཏག་པདྨ་ཆོས་སྐྱིད་ཀྱིས་གཞིས་ཁུལ་གྱི་ཁོར་ཡུག་ལ་གཙང་སྦྲ་བྱས་ཚར་རྗེས་ཕྱིར་ཁྱིམ་དུ་ལོག་ནས་ཁང་པའི་ནང་གི་མེ་ཏོག་ལ་ཆུ་གཏོར་བཞིན་འདུག

ལོ37ལ་བུད་པའི་པདྨ་ཆོས་སྐྱིད་ཀྱི་ཕ་ཡུལ་ནི་ཡུས་ཧྲུའུ་གྲོང་ཁྱེར་ནས་སྤྱི་ལེ80ཡི་མཚམས་སུ་ཡོད་པའི་འབྲོག་སྡེ་ཞིག་ཡིན་མོད། ལོ་གཅིག་གི་སྔོན་ལ་འབྲོག་སྡེ་དང་ཁ་བྲལ་ནས་གྲོང་ཁྱེར་གྱི་ཐོག་ཁང་དུ་གནས་སྤར་ཏེ་འཚོ་བ་རོལ་བཞིན་ཡོད།

པདྨ་ཆོས་སྐྱིད་ཚང་དུ་སླེབས་པ་ན། ང་ཚོའི་མིག་ལམ་དུ་ཐོག་མར་མངོན་པ་ནི། འབོལ་ཁྲི་དང་། བརྙན་འཕྲིན། གོས་འཁྲུད་འཕྲུལ་ཆས་སོགས་ཡིན། འདི་དག་ལས་ཁོ་མོ་ཚང་ལ་གྲོང་ཁྱེར་གྱི་སྡོད་དམངས་ཤིག་ལ་འཛོམས་འོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པ་རྟོགས་ཐུབ།

པདྨ་ཆོས་སྐྱིད་ནི་ཡུས་ཧྲུའུ་གྲོང་ཁྱེར་རག་སྟོད་ཞང་རོང་པོ་སྡེ་བའི་མི་ཡིན་ལ། རོང་པོ་སྡེ་བ་ནི་རག་སྟོད་ཞང་གི་དབུལ་ཕོངས་སྡེ་བའི་གྲས་ཀྱི་གཅིག་རེད། ཐོན་སྐྱེད་དང་འཚོ་བ་རོལ་སྟངས་སྣ་གཅིག་ལས་མེད་པས་སྡེ་མི་རྣམས་དབུལ་ནག་ཏུ་གྱུར་ཡོད།

ལོ་གཅིག་ནང་རྩྭ་ཆུར་བསྙེགས་ནས་ནོར་ལུག་འཚོ་བ་ནི། འབྲོག་པ་མང་ཚོགས་ལ་གནའ་ནས་དར་བའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ཡིན་ལ། པདྨ་ཆོས་སྐྱིད་ཚང་ལ་ཕྱུགས་ཟོག20ལས་མེད་པས། བཟའ་མི་བཞིའི་ཡོང་སྒོ་ལོ་རེར་མི་རེར་སྒོར2000ཙམ་མ་གཏོགས་མེད།

ལོ་ལྔའི་སྔོན་ནས་བཟུང་། ལོ་རེའི་ཡོང་སྒོ་དམའ་ཞིང་ངལ་རྩོལ་པ་ཉུང་བའི་གནས་ཚུལ་ལ་དམིགས་ནས་ཡུས་ཧྲུའུ་གྲོང་ཁྱེར་དང་རག་སྟོད་ཞང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་འཚོ་བར་དཀའ་ཁག་ཡོད་པའི་རོང་འབྲོག་མང་ཚོགས་རྣམས་གནད་ཁེལ་དབུལ་སྐྱོར་བྱ་ཡུལ་དུ་བཞག་པ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར་རྩྭ་སའི་ཁ་གསབ་མ་དངུལ་དང་། དབུལ་ཕོངས་ཁྱིམ་ཚང་གི་རོགས་སྐྱོར་མ་དངུལ་སོགས་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བྱུང་ཡོད།

ཡོང་སྒོ་ཇེ་མང་དུ་སོང་བ་དང་བསྟུན་ནས། པདྨ་ཆོས་སྐྱིད་ཀྱི་སེམས་སུ་ནམ་ཡང་གཞན་ལ་བརྟེན་ནས་འཚོ་བ་རོལ་བའི་བསམ་བློར་འགྱུར་ལྡོག་བྱུང་ནས། ཁྱོ་ག་དང་མཉམ་དུ་དབྱར་རྩྭ་དགུན་འབུ་དང་སྨན་རྩྭ་སོགས་ཀྱི་ཚོང་ལས་གཉེར་བ་རེད།“ཏང་དང་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་ལམ་ཁར་བསྙེགས་པ་ནི་ཏང་གི་ཁུར་པོ་ཇེ་ཡང་དུ་གཏོང་འདོད་པ་ཡིན”ཁོ་མོས་འདས་ཟིན་པའི་འཚོ་བར་ཕྱིན་དྲན་བྱེད་སྐབས་དེ་ལྟར་བཤད་བྱུང་།

འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་གལ་ཆེའི་བྱ་བ་དང་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་ལས་འགན་གཙོ་བོ་ཡིན་པས། 2019ལོར་འབྲེལ་ཡོད་དབུལ་སྐྱོར་སྲིད་ཇུས་ལྟར། ཡུས་ཧྲུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་ཁུངས་དང་ཞང་སྲིད་གཞུང་། སྡེ་སྡོད་ལས་བྱེད་པ་བཅས་ཀྱིས་པདྨ་ཆོས་སྐྱིད་ཚང་སྐྱེ་རྒུ་གྲོང་རྡལ་དབུལ་སྐྱོར་གཞིས་ཁུལ་དུ་གནས་སྤར་བའི་ལས་གཞིའི་ནང་བཞག་པ་རེད།

ཕ་ཡུལ་ནས་ས་འདིར་གནས་སྤར་ཏེ་ལོ་གཅིག་ལས་འགོར་མེད་ནའང་། ཁྱིམ་གྱི་སྒོ་ཁ་ནས་རང་ལ་ཡོང་སྒོ་འཚོལ་བའི་ལས་ཀ་ཞིག་རྙེད་པ་མོའི་ཡིད་ལའང་དྲན་མ་མྱོང་། གཞིས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་མཁན་དུ་གྱུར་ནས་ཟླ་རེར་ཡོང་སྒོ་སྒོར1500ཇེ་མང་དུ་སོང་ཡོད།

སྔོན་ཆད་ཕྱུགས་འཚོས་ནས་འཚོ་བ་རོལ་གྱིན་ཡོད་ལ། དཔལ་འབྱོར་གྱི་ཡོང་སྒོ་མེད་པས་འཚོ་བ་ངན་ངོན་ཡིན། ད་ལྟ་མཁར་གྲོང་དུ་གནས་སྤར་བ་ནས་བཟུང་། བྱིས་པ་སློབ་གྲྭར་འགྲོ་བར་སྟབས་བདེ་བར་མ་ཟད། རང་ཉིད་ཀྱང་གཞིས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་མཁན་དུ་གྱུར་ནས་ཟླ་ཕོགས་ལེན་གྱིན་ཡོད་ལ། ཁྱོ་གས་གྲོང་རྡལ་དུ་དབྱར་རྩྭ་དགུན་འབུའི་ཚོང་གཉེར་ནས་ཡོང་སྒོ་འཚོལ་བཞིན་ཡོད་པས་དེང་གི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

གཞིས་ཁུལ་གྱི་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལྟར། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཞང་དང་གྲོང་རྡལ8ཀྱི་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་ཞེ་གཉིས་ས་འདིར་གནས་སྤར་ཞིང་། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་པས་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། ད་དུང་གཞིས་ཁུལ་དུ་སྨན་བཅོས་དང་སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཀྱི་བཟོ་འགོད་འཛུགས་སྐྲུན་བྱས་ཡོད་པས་རོང་འབྲོག་མང་ཚོགས་ལ་སྟབས་བདེ་གང་མང་བསྐྲུན་ཡོད།

འབྲོག་ཁུལ་ནས་མཁར་གྲོང་དུ་གནས་སྤར་བ་དང་། ཙག་དང་ཆར་བ་འགོག་ཐབས་མེད་པའི་ས་ཁང་ནས་ཆུ་གློག་དྲོད་གསུམ་འཛོམས་པའི་ཐོག་ཁང་དུ་གནས་སྤར་ནས་འཚོ་བ་རོལ་བ་ནི་ཡུས་ཧྲུའུ་གསར་པའི་མི་དམངས་ཀྱི་འཚོ་བ་རོལ་སྟངས་ཡིན་ལ། མི་རབས་མང་པོའི་ཕྱིར་དྲན་བྱེད་འོས་པ་ཞིག་ཀྱང་ཡིན། དུས་རབས་གསར་པའི་ངོས་ཐད་ནས་བལྟས་ན། ཡུས་ཧྲུའུ་ཡི་མི་ཚང་མར་སྡོད་ཁང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱུང་བར་མ་ཟད།ད་དུང་སྡོད་ཁང་ལེགས་པོའི་ནང་འཚོ་བ་རོལ་བའི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད།

                                                                                             རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།