མཐོ་སྒང་གི་ཤ་མོ་ལུག་གྲོད་ལ་བརྟེན་ནས་སྡེ་མི་ཕྱུག་པོར་གྱུར།
2020.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

 མི་གཞན་པའི་མིག་ནང་གི་ཤ་མོ་དེ་ཐོན་ལས་ཀྱི་ལམ་ཁར་སྙེག་ན་འཕེལ་རྒྱས་ག་འདྲ་འབྱུང་ཐུབ་པ་དང་། ཞིང་ལས་ཚན་རྩལ་ཀུང་སི་ཞིག་གིས་ཞིང་གྲོང་དུ་ལོ་ངོ་བཞིའི་ནང་ལས་དོན་ག་འདྲ་ཞིག་བསྒྲུབ་ཐུབ་ཅེ་ན།  རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་རྣང་ཞིང་གྲུ་བཞིའི་ལོགས་སུ་མ་བསྐྱོད་ན་སུས་ཀྱང་འདྲི་ཚིག་འདིའི་ནང་དོན་རྟོགས་དཀའ།

ཁྲི་ཀ་རྫོང་ནི་རྨ་ཆུ་འབབ་རྒྱུད་ཀྱི་གཤོང་སར་ཆགས་ཤིང་། ཀུན་གྱིས་དེ་ལ“ལྷོ་ཕྱོགས་ཀྱི་གཙང་འགྲམ”ཞེས་འབོད་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཆ་རྐྱེན་ཆེས་བཟང་པའི་རྫོང་གཅིག་པུ་ཡིན།  ཡིན་ན་ཡང“དབུལ་པོ”ཞེས་པའི་ཐ་སྙད་དེ་མཛེས་སྡུག་གི་ཡུལ་གྲུ་དེའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་བཀག་རྡོ་ལྟ་བུར་གྱུར་མྱོང་།

མཚོ་སྔོན་ཀྲའོ་ཁྲིན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཀོན་ཅིན་ལིན་གྱིས་བལྟས་ན། སྙིང་རུས་ལྷོད་མེད་བསྐྱེད་ཅིང་། ཡུས་ཀོང་གིས་རི་                                                                                                                                                                                                                                                                              སྤོས་པའི་སྙིང་སྟོབས་ལྡན་ན། “དབུལ་ཞྭ”འཕུད་མི་ཐུབ་པ་མེད་སྙམ་པའི་བསམ་བློ་དྲག་པོ་སྐྱེས་ཏེ། ལོ་དུ་མར་རི་སྐྱེས་ཤ་མོ་ལུག་གྲོད་གསོ་ཐབས་ཀྱི་ལག་རྩལ་བྱང་ཆུབ་པ་སྦྱངས་ནས་ཁྲི་ཀ་རྫོང་གི་རྨ་ནུབ་གྲོང་རྡལ་གྱི་འབུམ་ཁོ་སྡེ་བ་ནས་འདེབས་གསོ་རྟེན་གཞི་བཙུགས།      ཀོན་ཅིན་ལིན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་ཡུལ་མི་རྣམས་ཀྱི་སྣེ་འཁྲིད་དེ་མཉམ་དུ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུའི་དམ་བཅས།

ཟླ4ཚེས16ཉིན། འབུམ་ཁོ་སྡེ་བའི་མཚོ་སྔོན་ཀྲའོ་ཁྲིན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནང་དུ་ཤ་མོ་ལུག་གྲོད་འཐུ་བའི་དུས་ལ་སླེབས། ཀོན་ཅིན་ལིན་གྱིས་བཤད་རྒྱུར། “གཙོ་བོ་ས་ཞིང་འདིའི་ཕན་འབྲས་འདོན་སྤེལ་ལེགས་པོ་བྱ་ཆེད་ཡིན་ལ། ཤ་མོ་ལུག་གྲོད་ནི་ཟས་རིགས་ཐོན་རྫས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད།  དཔལ་འབྱོར་གྱི་ཕན་འབྲས་བཟང་ཞིང་ཡོང་སྒོ་མངོན་གསལ་ཡིན་པས་ཚོང་རའི་མདུན་ལྗོངས་ཅུང་ལེགས་ཟེར།  ཀོན་ཅིན་ལིན་གྱིས་སྲོལ་རྒྱུན་གྱི་འདེབས་འཛུགས་གྲུབ་ཚུལ་བསྒྱུར་ཏེ། ཁྱད་ལྡན་གྱི་ཤ་མོ་ལུད་གྲོད་འདེབས་འཛུགས་ལ་བརྟེན་ནས་འབུམ་ཁོ་སྡེ་བར་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་པ་རེད།

ལོ་བཞིའི་ཡར་སྔོན་དུ། ཀོན་ཅིན་ལིན་གྱིས་ཡང་ཡང་རྟོག་ཞིབ་བྱས་པར་མ་ཟད་ཁྲི་ཀ་རྫོང་གི་ཐུན་མིན་གནམ་གཤིས་དང་ས་གཤིས་ཀྱི་ཆ་རྐྱེན་དང་ཟུང་དུ་སྦྲེལ་ནས་འབུམ་ཁོ་སྡེ་བ་ནས་ཞིང་ས་མུའུ700ལྷག་གླས་ཏེ། འདེབས་འཛུགས་དྲོད་ཁང71ལས་ནས་ཤ་མོ་ལུག་གྲོད་འདེབས་འཛུགས་བྱས། ཡིན་ན་ཡང་ཐོག་མའི་དུས་སུ་འདེབས་འཛུགས་ལག་རྩལ་ལ་བྱང་ཆ་ཆེན་པོ་མེད་སྟབས་ཕན་འབྲས་བཟང་པོ་ཞིག་མ་ཐོབ་པ་རེད།

ཕར་བལྟས་ཚོད་ཀྱིས་ཤ་མོ་ལུག་གྲོད་ཀྱི་བོངས་ཆུང་ན་ཡང་ཚན་རྩལ་ལ་བརྟེན་དགོས་པས།  འདེབས་འཛུགས་དེ་འདྲའི་སླ་མོ་ཞིག་མིན། འདེབས་འཛུགས་ཀྱི་ལག་རྩལ་མང་པོ་ཞིག་བསླབ་དེབ་ནང་དུ་མེད་ལ། ཚད་ལྡན་ཡིག་ཆ་ལས་ཀྱང་རྙེད་དཀའ་བ་རེད། ལྷག་པར་དུ་སྲིན་རིགས་དབྱེ་འབྱེད་དང་། སྲིན་ཕུང་གི་མྱུ་གུ་འཚོལ་ཞིབ་སོགས་ཀྱི་གོ་རིམ་རྙོག་འཛིང་ཆེ་བ་རེད།  ཆོས་ཉིད་གཏིང་ཟབ་དུ་འཚོལ་ཞིབ་དང་ཉམས་མྱོང་སེམས་ཞིབ་མོས་ཕྱོགས་སྡོམ་བྱེད་པ་ལྟར་དུ། ལག་ལེན་ནས་གཞུང་ལུགས། གཞུང་ལུགས་ནས་ལག་ལེན།  ཚོད་ལྟའི་ཁང་ནས་ཞིང་ཁ། ཞིང་ཁ་ནས་ཚོད་ལྟའི་ཁང་བར་དུ་ཀོན་ཅིན་ལིན་དང་ཁོའི་དཔུང་སྡེ་ཡིས་འདེབས་འཛུགས་ཀྱི་ཐབས་མཆོག་འཚོལ་ཞིབ་བྱུང་ཞིང་། དེ་འཚམ་གྱི་བཀོད་སྒྲིག་སོགས་ཐོན་སྐྱེད་བརྟན་འཇགས་དང་ཐོན་འབབ་མཐོར་འདེགས་ཀྱི་ཉམས་མྱོང་བཟང་བོ་བླངས།

དེ་ལྟར་དཀའ་ཁག་རེ་རེ་ཁྱད་དུ་བསད་དེ། ཤ་མོ་ལུག་གྲོད་འདེབས་འཛུགས་ཀྱི་ལག་རྩལ་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། ཀོན་ཅིན་ལིན་གྱིས་ས་གནས་མང་ཚོགས་འཕེལ་རྒྱས་ཀྱི་ལམ་དུ་སྐུལ་ཁྲིད་བྱེད་པའི་སེམས་ཤུགས་ཡང་ཇེ་ཆེར་གྱུར། སྡེ་མི་ཟབ་ཞུགས་དང་འདེབས་འཛུགས་ལག་རྩལ་ལ་སློབ་སྦྱོང་བྱེད་པ་དང་། ས་ཞིང་འཁོར་རྒྱུག་ལ་བརྟེན་ནས་ཆེད་ལས་མཉམ་ལས་ཁང་བཙུགས་པ་བཅས་བརྒྱུད་ནས།   ཀུང་སི་དང་རྟེན་གཞི། མཉམ་ལས་ཁང་། ཞིང་ཁྱིམ་བཅས་ཟུང་འབྲེལ་གྱི་འཕེལ་རྒྱས་བསམ་ཕྱོགས་ཤིག་ཀོན་ཅིན་ལིན་གྱི་ཡིད་ལ་འཆར།

འབུམ་ཁོ་སྡེ་བ་ནི་རྨ་ཆུའི་འགྲམ་རྒྱུད་ནས་ལེ་བར20སར་ཆགས་ཡོད་ཅིང་། རྨ་ཆུ་ལ་བརྟེན་ནས་སྡེ་བ་འདི་ཕྱུག་པོར་འགྱུར་ཐུབ་མེད། སྣང་ཚུལ་དེར་སྡེ་མི་ཀྲང་ཧྲུའུ་ཆིན་ལ་མྱོང་ཚོར་ཟབ་མོ་ཡོད། ཁོ་ད་ལོ་ལོ58ཡིན་ཞིང་། 2016ལོའི་ཡར་སྔོན་དུ་ཞིང་ལས་ཁོ་ན་གཉེར་གྱི་ཡོད་པས། ཡོང་འབབ་ཉུང་ལ་ལོ་རེའི་ཞིང་ལས་ཁོམ་སྐབས་སུ་ཞོར་ལས་ལ་སོང་ནས་ཡོང་འབབ་བཙལ་གྱིན་ཡོད། ཁོ་ཚང་ལ་ས་ཞིང་མུའུ13ཡོད་པ་དེས་བཟའ་མི་གང་པོའི་ཁ་རྒྱབ་གསོ་ཐུབ་པ་ཙམ་རེད།

2016ལོར། ཀྲང་ཧྲུའུ་ཆིན་གྱིས་མི་ཚེའི་ལམ་ཁ་བསྒྱུར་བའི་དཀྱོགས་མཚམས་བསུས་ཡོང་བ་རེད། ཀྲའོ་ཁྲིན་ཞིང་ལས་ཀུང་སི་འབུམ་ཁོ་སྡེ་བར་གཞི་ཚུགས་རྗེས། ཁོ་ལ་ལས་ཀ་གཏན་འཇགས་ཤིག་ཐོབ། ད་ལྟ་ཁོ་ནི་ཀུང་སིའི་ཐོན་སྐྱེད་རྟེན་གཞིའི་འགོ་གཙོ་གཞོན་པ་ཡིན་ཞིང་། ཟླ་རེར་སྒོར4000ཡས་མས་ཀྱི་ཟླ་ཕོགས་ཡོད་པ་དང་། དེའི་ཁར་ད་དུང་བྱས་འབྲས་བྱ་དགའ་ཡོད་པས། 2019ལོར་ཁོའི་ཡོང་འབབ་སྒོར་ཁྲི6ལྷག་ལ་བསླེབས།

ཀྲང་ཧྲུའུ་ཆིན་མ་གཏོགས་ད་དུང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་འཕགས་ལོ་ཐར་ཚང་གི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་། ཆུང་དུས་སུ་བྱིས་པའི་སྦྲིད་ནད་ཕོག་ཏེ་དབང་སྐྱོན་ཅན་དུ་གྱུར་བའི་འཕགས་ལོ་ཐར་ཚང་ལ་ཞིང་ས་མུའུ12ལས་མེད་ལ། ཞིང་ས་དེ་དག་ལ་བརྟེན་ནས་བཟའ་མི་གསུམ་གྱི་ཁ་རྒྱབ་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།  ཕྱིས་སུ་ཁོ་རང་ཀྲའོ་ཁྲིན་ཞིང་ལས་རྟེན་གཞིའི་བདེ་སྲུང་པ་ཞིག་ཏུ་གྱུར་ནས་ཟླ་རེར་ཧ་ལམ་སྒོར་སྟོང་གསུམ་གྱི་ཡོང་སྒོ་ཡོད་པ་རེད།

ལོ་ངོ་བཞིའི་རིང་ལ། ཤ་མོ་ལུག་གྲོད་འབུམ་ཁོ་སྡེ་བ་ནས་འདེབས་འཛུགས་བྱེད་པར་ཕན་འབྲས་ཐོབ་ཏེ་ཡུལ་དེའི་ཞིང་པ་མང་ཚོགས་ལ་ཡིད་ཆེས་དང་རེ་བ་སྦྱིན། ཡིད་ཆེས་དང་རེ་བ་ནི་ས་ཞིང་འཁོར་རྒྱུག་ལས་བྱུང་ཞིང་།  སྡེ་བའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ལས་བྱུང་བ་རེད།  འབུམ་ཁོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཀུན་བཟང་གིས་བཤད་རྒྱུར།  སྡེ་མི་ཚོས་ས་ཞིང་ཀུང་སི་ལ་གླས་རྗེས་ལོ་རེར་གླ་དངུལ་སྒོར་ཁྲི་ཙམ་གྱི་ཡོང་འབབ་ཡོད་པས། སྡེ་བའི་ན་གཞོན་ངལ་རྩོལ་པ་ཕྱིར་བསྐྱོད་དེ་ལས་ཀ་གཉེར་བར་སྟབས་བདེ་བཟོས་ཡོད་ལ། ཤུལ་གྱི་ཁྱིམ་མིས་ཡང་ཀུང་སི་ནས་ཞོར་ལས་ཙག་ཙིག་རེ་གཉེར་ནས་ཡོང་འབབ་ཉུང་ངུ་རེ་ལེན་ཐུབ་ཟེར།

ཀོན་ཅིན་ལིན་གྱིས་གསར་འགོད་པར་བཤད་རྒྱུར། རྟེན་གཞིས་ལོ་རེར་ཧ་ལམ་མི200གླ་བཞིན་ཡོད། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡོད་ལ། དབང་བོ་སྐྱོན་ཅན་ཡང་ཡོད་པས་གླ་ཕོགས་ཧ་ལམ་སྒོར་ས་ཡ་གསུམ་ཙམ་གཏོང་དགོས་ཟེར།

ཤ་མོ་ལུག་གྲོད་བཏབ་པའི་དྲོད་ཁང་དུ་སོང་བ་ན། ཆེ་ཆུང་རགས་ཞིབ་གཅིག་ལ་གཅིག་བརྟེན་གྱི་སྐྱེས་མཚར་རྒོད་པའི་ཤ་མོ་ལུག་གྲོད་ཞིང་ས་གཤིན་པོའི་གང་སར་ཁྱབ་ཡོད། ཤ་མོ་ལུག་གྲོད་ཆེ་བ་དག་གི་མཐོ་ཚད་ལ་ལི་སྨི15ཡོད་ཅིང་ཆེ་ཆུང་ལག་མཐིལ་ཙམ་དང་། དབྱིབས་ལུག་གྲོད་དང་འདྲ་ལ། རྩེ་མོ་ཆར་གདུགས་བཞིན་ཕར་བལྟས་ཚོད་ཀྱིས་མིག་ལ་ཤིན་ཏུ་མཛེས།

མིག་སྔར་ཀྲའོ་ཁྲིན་ཞིང་ལས་ཀྱི་མཐོ་སྒང་ཤ་མོ་ལུག་གྲོད་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གནམ་གཤིས་ལ་བརྟེན་ནས།   ཐོན་རྫས་ཀྱི་ཚོང་རའི་ཁྱད་སྟོབས་རིམ་བཞིན་མངོན་ནས་མིང་གྲགས་ཇེ་ཆེར་གྱུར།  ཉོ་ཚོང་གི་གྲོས་ཆིངས་འཇོག་མཁན་གྱི་དྲ་ལམ་ཚོང་བ་ཡང་མང་པོ་བྱུང་ནས་མིས་བཟོས་འདེབས་འཛུགས་ཀྱི་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཚན་རྩལ་ཅན། ཆ་འཕྲིན་ཅན་མངོན་འགྱུར་བྱུང་།

ཀོན་ཅིན་ལིན་གྱིས་བཤད་རྒྱུར།  ཤ་མོ་ལུག་གྲོད་དེ་སྐྱེས་པ་ནས་སྨིན་པའི་བར་ཉིན150དགོས། ལོ་གཅིག་གི་ནང་དུས་ཚིགས་གཅིག་དང་དུས་ཚིགས་གཉིས་ཙམ་ལ་འདེབས་ཆོག་ཀྱང་དུས་ཚིགས་གཉིས་པའི་ཤ་མོ་ལུད་གྲོད་ཀྱི་སྤུས་ཀ་དེ་འདྲ་མི་བཟང་བས་ཕྱིར་འཚོང་བར་དཀའ་ཁག་ཅུང་ཆེ་ཟེར། གཙོ་བོ་པེ་ཅིན་དང་ཧྲང་ཧའེ་སོགས་ལ་དྲ་ཐོག་ནས་འཚོང་གི་ཡོད། གཞན་སྲོ་སྐམ་འཕྲུལ་ཆས་བཀོལ་ནས་སྐམ་པ་ཡིན། སྐམ་པོའི་རིན་གོང་རྒྱ་མ་རེར་སྒོར་སྟོང་རེ་ལ་བཙོང་ཐུབ་ཀྱང་ཁྲོམ་རའི་དགོས་མཁོ་སྔར་བཞིན་སྐོང་མི་ཐུབ་པས། ལོ་རེའི་ཁེ་འབབ་བཟང་ཡང་འདེབས་རྒྱ་ཇེ་ཆེར་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཟེར།

དེ་ལྟར་ཐེ་ཚོམ་ཀྱི་གནས་སུ་ཡོད་པའི་སྐབས་སུ། ས་གནས་སྲིད་གཞུང་གིས་ཁོ་ལ“མདུན་སྐྱོད་ཀྱི་སྤོབས་པ”བསྩལ།

ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ་མཱ་ཀྲི་མེན་གྱིས་བཤད་རྒྱུར། ལྕགས་རྡུང་བར་ཐོ་བ་སྲ་དགོས་ཞེས་པའི་དཔེ་ལྟར། ཁེ་ལས་ཡིན་ན་ས་གནས་ནས་རྐང་ཚུགས་ཐུབ་མིན་དེ་ཡུལ་མིས་རྒྱབ་སྐྱོར་བྱེད་མིན་ལ་ཐུག་ཡོད། ཀྲའོ་ཁྲིན་ཞིང་ལས་གྱིས་ཁྲི་ཀའི་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན་ཐུབ་པར་མ་ཟད། འཕེལ་རྒྱས་ཀྱི་ཐོག་མའི་གཞི་ཁྱོན་ཆགས་ཡོད། ལྷག་པར་དུ་ཚན་རྩལ་ཞིབ་འཇུག་གཙིགས་སུ་བཟུང་བས། མ་འོངས་བའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་ཡོད་པས་སྲིད་གཞུང་གིས་ཐོན་ལས་འདི་ལྟ་བུ་ལ་རྒྱབ་སྐྱོར་མི་བྱེད་རང་བྱེད་ཡིན་ཟེར།

ལོ་ངོ་བཞིའི་ནང་དུ། ཀྲའོ་ཁྲིན་ཞིང་ལས་ཀུང་སིའི་ལས་བཟོ་པས་ཁྲི་ཀའི་རྨོ་ཞིང་ལ་བརྟེན་ནས་ཤ་མོ་ལུག་གྲོད་ཀྱི་འདེབས་འཛུགས་གཞི་ཁྱོན་ཅན་དུ་མངོན་འགྱུར་བྱས་ནས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་སྡེ་མི་ཕྱུག་འགྱུར་གྱི་ལམ་དུ་འཁྲིད། ཀོན་ཅིན་ལིན་གྱིས་ཀྱང་མ་འོངས་པར་ཁེ་ལས་གོང་དུ་སྤེལ་ན་ལུང་ཁོག་གཅིག་དང་ས་ཆ་གཅིག་ལ་ཤུགས་རྐྱེན་ལྡན་པ་ཞིག་བཟོ་དགོས་པ་མ་ཟད། ཤ་མོ་ལུག་གྲོད་དེ་ཁྲི་ཀ་རྫོང་གི་ཞིང་ལས་ཕྱོགས་ཀྱི་གསར་དར་ཐོན་རྫས་ཀྱི་ཐོན་ལས་ལེགས་པོ་ཞིག་ཏུ་འགྱུར་བར་བྱེད་རྒྱུའི་སེམས་ཐག་བཅད།

ལོ་ཙཱ། སྒྲོལ་མ་སྐྱིད།