རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བར་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་འབད་པ་བྱེད་དགོས།
2020.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

2020ལོ་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་རེད། གནད་འགག་གི་དུས་སྐབས་འདིར། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་མིག་སྔའི་དབུལ་ཐར་ཕན་འབྲས་སྲ་བརྟན་ཡོང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། དེར་བརྟེན། རིམས་ནད་བྱུང་བའི་སྐབས་སུ་དབུལ་ཐར་ཕན་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་ཇི་ལྟར་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཉིས་ལ་རྒྱལ་ཁ་ལེན་ཐུབ་པར་བྱ་རྒྱུ་ནི། རིམ་པ་སོ་སོའི་ལས་བྱེད་མི་སྣ་དང་དབུལ་ཕོངས་མང་ཚོགས་ཀྱི་མདུན་དུ་ལྷགས་པའི་ཉམས་སད་ཆེན་པོ་ཞིག་རེད། དེ་བས་མྱུར་དུ་བསྒྲུབ་དགོས་པའི་ལས་འགན་ནི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་འཐུས་ཤོར་མི་འགྲོ་བ། ཕྱོགས་གཉིས་ལ་སྐུལ་འདེད་བཅས་བྱ་རྒྱུ་དེ་རེད།

གནད་ལ་འཁེལ་བའི་རྩ་བརྟག་བྱས་ན་ད་གཟོད་སྨན་བཅོས་བཟང་བོ་བྱེད་ཐུབ། རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཐེབས་པའི་ཤུགས་རྐྱེན་ལ་ངོས་འཛིན་དང་དབྱེ་ཞིབ་ཡང་དག་བྱེད་པ་དང་། རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ཐེབས་པའི་ཤུགས་རྐྱེན་དང་ཚད་གཞི་གསལ་བོར་འཚོལ་དགོས། རིམས་ནད་ཅུང་ཡང་བའི་དབུལ་ཕོངས་ས་ཁུལ་དུ། གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་དབུལ་སྐྱོར་ཁེ་ལས་མང་པོ་དང་ཞིང་ལས་མཉམ་ལས་ཁང་དུ་སོང་ནས་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་ཡུན་རིང་ལ་བསྡད་ནས་ཁེ་ལས་དང་མཉམ་ལས་ཁང་གི་འགན་འཁུར་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བསམ་འདུན་ལ་ཉན་ཏེ། རིམས་ནད་ཀྱིས་དབུལ་སྐྱོར་ཁེ་ལས་དང་ཞིང་ལས་མཉམ་ལས་ཁང་། དཀའ་ཁག་ཡོད་པའི་མང་ཚོགས་བཅས་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་གསལ་བོ་བྱེད་དགོས། རིམས་ནད་ཅུང་ཚབས་ཆེ་བའི་དབུལ་ཕོངས་ས་ཁུལ་དུ་སྐད་འཕྲིན་དང་། QQ ཁ་པར་སོགས་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། “ངོ་མི་འཕྲད་པའི”བརྟག་ཞིབ་བྱེད་སྟངས་བརྒྱུད་ནས། རིམས་ནད་ཀྱིས་དབུལ་ཐར་ཕན་འབྲས་སྲ་བརྟན་དུ་གཏོང་བའི་གནས་ཚུལ་ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་ཤེས་རྟོགས་བྱེད་དགོས་པ་དང་། དབུལ་སྐྱོར་ཁེ་ལས་དང་མཉམ་ལས་ཁང་། དེ་མིན་དཀའ་ཁག་ཡོད་པའི་མང་ཚོགས་བཅས་ཀྱི་བསམ་ཚུལ་དང་རེ་བ་རྒྱུས་ལོན་གསལ་བོ་བྱེད་དགོས། གནས་ཚུལ་རྒྱུས་ལོན་དང་གཞི་གྲངས་ཕྱོགས་སྡོམ་བྱས་པ་བརྒྱུད། གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་སྙན་ཞུ་བྱས་ནས་གནད་འཁེལ་ཇུས་འདོན་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཐར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཐོན་ལས་བར་མཚམས་ཆད་པ་དང་ཕན་འབྲས་ཞན་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་བྱས་ཏེ། རོགས་སྐྱོར་མ་དངུལ་སྟེར་བ་དང་ཞིང་ལས་རྒྱུ་ཆ་མཁོ་འདོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཐོན་ལས་སྲ་བརྟན་དུ་གཏོང་དགོས་པ་དང་། ཐོན་ལས་ཀྱི་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བ་ཁག་ཐེག་བྱེད་དགོས། ཁ་གསབ་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ། “དབུལ་ཐར་ཆེན་པོ་དགུའི་རྗེས་མཐུད་སྲ་བརྟན་བྱ་སྤྱོད”མགྱོགས་མྱུར་སྒོས་ལག་བསྟར་བྱས་ནས། ཁྱད་ལྡན་གསོ་སྤེལ་ལས་རིགས་དང་ཁྱད་ལྡན་འདེབས་འཛུགས་ལས་རིགས། མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་རིམ་བཞིན་གསར་བཟོ་བཅས་བྱས་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་ཐོན་ལས་ར་བ་དང་གནས་སྐོར་དབུལ་སྐྱོར། སྡེ་བའི་མཉམ་སྡེབ་དཔལ་འབྱོར་སོགས་ཀྱི་ལས་གཞི་འཁོར་སྐྱོད་རྐྱེན་སྲོལ་དང་དབུལ་པོ་སྣེ་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལས་གཞིའི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས།

གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ལས་གཉེར་ལས་ཞུགས་ལ་དམ་འཛིན་བཟང་བོ་བྱེད་དགོས། ཕྱི་ཕྱོགས་སུ་ཤར་ནུབ་རྒྱུད་ཀྱི་རོགས་ལས་པ་དམ་འཛིན་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཤར་རྒྱུད་ཀྱི་ཁེ་ལས་ལ་དབུལ་ཕོངས་ངལ་རྩོལ་པ་སྐོར་ཞིག་བསྐྱལ་ནས། དབུལ་ཕོངས་མང་ཚོགས་ཕྱི་ཕྱོགས་སུ་ལས་ཞུགས་བྱེད་དཀའ་བའི་གནད་དོན་སྔོན་ལ་ཐག་གཅོད་ཡག་པོ་བྱ་དགོས། ནང་ཁུལ་དུ་དབུལ་སྐྱོར་འཁོར་ཁང་ལས་འགོ་ཚུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁ་རུ་ལས་ཞུགས་བྱེད་ཐུབ་པ་དང་ཡོང་སྒོ་འཕར་སྣོན་འབྱུང་བ་ཁག་ཐེག་བྱ་དགོས། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་མང་ཚོགས་ཀྱིས་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གཉེར་བར་སྐུལ་མ་དང་རོགས་སྐྱོར། ཁྲིད་སྟོན་བཅས་བྱེད་པ་དང་། ཚོང་ཁང་ཆུང་གྲས་དང་ཁྱིམ་ཚང་གི་བཟོ་ཁང་ཆུང་གྲས་སོགས་འཛུགས་གཉེར་བྱས་ནས་རང་བདག་ལས་ཞུགས་མངོན་འགྱུར་བྱ་དགོས། དེ་དང་ཆབས་ཅིག ལས་གཞི་གལ་ཆེན་དང་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རང་འགུལ་ངང་ལས་མི་བཀོལ་བའི་དགོས་མཁོ་ཁོང་དུ་ཆུད་པ་བྱས་ནས་དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་ཕྱིར་ལས་ཞུགས་བྱེད་པ་དང་ཕྱི་རུ་ཞོར་ལས་སུ་འགྲོ་བ་རྩ་འཛུགས་བྱེད་དགོས།

རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱས་ནས། “འགན་ལེན་གསུམ”གྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་དགོས། མ་དངུལ་སྡེབ་སྒྲིག་དང་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་མགྱོགས་མྱུར་སྒོས་མགོ་བརྩམས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། “མཐའ་མའི་སྤྱི་ལེ་གཅིག”གི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱ་དགོས། དུས་མཚམས་ཁག་གི་སློབ་གསོའི་རོགས་དངུལ་སྲིད་ཇུས་གཏིང་ཟབ་སྒོས་དོན་འཁྱོལ་བྱེད་པ་དང་། བདེ་ཐང་དབུལ་སྐྱོར་གྱི“སྐོར་གཅིག་ཅན་གསུམ”གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། “འགན་ལེན་གལ་ཆེན་གསུམ”ཇེ་དྲག་ཏུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་ཁུར་པོ་ཕན་ནུས་ཡོད་པའི་སྒོ་ནས་ཇེ་ཡང་དུ་གཏོང་བ་དང་། དབུལ་ཐར་མང་ཚོགས་ནད་གཞིས་རྐྱེན་གྱིས་ཡང་བསྐྱར་དབུལ་པོར་མི་འགྱུར་བ་བྱེད་དགོས། ཡུལ་གཞན་དུ་གནས་སྤོར་བའི་དབུལ་སྐྱོར་ལས་གཞི་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་དབུལ་པོ་དང་དེ་བཞིན་གནས་སྤོར་ཁྱིམ་ཚང་དང་མཉམ་དུ་གནས་སྡོད་བྱེད་པའི་མྱུར་ཚད་མཇེ་གྱོགས་སུ་བཏང་སྟེ། རྗེས་མཐུད་ཐོན་ལས་དངོས་འབེབ་ཡག་པོ་བྱས་ནས། གནས་སྤོར་མང་ཚོགས“སྤོ་ཐུབ་པ་དང་། བརྟན་པོ་འདུག་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོ་འགྱུར་ཐུབ་པ”བཅས་ཁག་ཐེག་བྱེད་དགོས།

རིམས་ནད་སྔོན་འགོག་ཚོད་འཛིན་ནི་དམིགས་བསལ་གྱི་ཉམས་སད་ཆེན་པོ་ཞིག་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ནི་དུས་རབས་ཀྱི་ལས་འགན་ཞིག་རེད། དུས་ཚོད་ཀྱིས་རང་ལ་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། “ཉིང་རྡུལ་མཁྲེགས་པོའི”སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ལས་འགན་ལྕི་མོ་ཡོངས་འགྲུབ་བྱེད་པ། དབུལ་ཐར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁ་ལེན་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།