བསྐྱར་སྐྲུན་ལས་བྱུང་བའི་འཚོ་བ་གསར་བ།
2020.05.21 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 23

   ལོ་ངོ་བཅུའི་རིང་ཡུས་ཧྲུའུ་བསྐྱར་སྐྲུན་བྱས་ནས་འཚོ་བ་གསར་པར་རོལ་འགོ་ཚུགས།

2019ལོར་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་དང་། རོང་འབྲོག་ཁུལ་གྱི་རྒྱུན་སྡོད་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར་སྒོར་ཁྲི་གསུམ་སྟོང་ལྔ་ལྷག་དང་སྒོར་སྟོང་དགུ་ཆིག་བརྒྱ་ལྷག་ཟིན་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་96.1%བར་མཐོ་རུ་ཕྱིན་པ། མི་གྲངས་དབུལ་པོ་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ། ནད་ལྕི་མོ་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཁེབས་ཚད་100%ཟིན་ཡོད།

ཡུས་ཧྲུའུ་གྲོང་གསར་གྱི་མཛེས་སྡུག་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར། ཡུས་ཧྲུའུ་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས་ཆ་འཕྲིན་བསྡུ་རུབ་དང་། ཡིག་ཚགས་བཟོ་བ། ཞིབ་བཤེར་དང་གྱོད་ཐག་གཅོད་པ་བཅས་ལ་དུས་ཐོག་ཏུ་རྗེས་འདེད་བྱེད་པ་དང་། འབོད་བརྡ་ལྟེ་གནས་དང་། བཀོད་འདོམས་ལྟེ་གནས། ཐབས་ཇུས་ལྟེ་གནས་བཅས་ཀྱི་ལས་བགོས་ཁ་གསལ་བཟོས་ཡོད་པ་མཐོང་ཐུབ། པེ་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གྱི་གཙོ་གནད་ལས་གཞི་ཡིན་པའི་ཡུས་ཧྲུའུ་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་དེ2015ལོར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མིག་སྔའི་བར་མང་ཚོགས་ཀྱི་དོན་དག་སྣ་ཚོགས་ཁྲི2ལྷག་ཙམ་བདག་སྤྲོད་བྱས་པ་དང་ཐག་གཅོད་བྱས་ཚད་85%ཡན་ཟིན་ཡོད།

“རྒྱུན་ལྡན་གྱི་གཉེར་སྐྱོང་སྲུང་སྐྱོབ་ནས་ཡན་ལག་ལས་གཞི་གསར་སྤེལ་བྱེད་པའི་བར་ཞབས་ཞུ་དང་གསོ་སྦྱོང་བྱས་པས་ང་ཚོའི་སྲིད་འཛིན་ལག་བསྟར་དང་། དམངས་ཚིས་ཞབས་ཞུ། སྤྱི་ཚོགས་རོགས་སྐྱོབ་སོགས་ཐད་ཀྱི་ནུས་པ་དེ་བས་ཇེ་མཐོར་སོང་ཡོད”ཅེས་ཡུས་ཧྲུའུ་གྲོང་ཁྱེར་གྱི་འགོ་གཙོ་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

ཁོས་མུ་མཐུད་དུ་བཤད་རྒྱུར། “པེ་ཅིན་གྱི་རོགས་རམ་འོག་2016ལོར་ཡུས་ཧྲུའུ་གྲོང་ཁྱེར་འདི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དུ་བདམས་པ་དང་ད་ལྟ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བརྩོན་ལེན་བྱེད་བཞིན་ཡོད་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འབྱུང་ངེས་རེད”ཟེར།

ཨ་ཕ་ནི་བསོད་ནམས་ཕུན་ཚོགས་ཀྱི་སེམས་ཀྱི་རྟེན་ས་རེད། ས་འགུལ་བྱུང་སྐབས་ཁོ་ཚོ་ཡོད་སའི་རོང་པོ་གྲོང་རྡལ་བདེ་ཆེན་གྲོང་ཚོར་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། སྡོད་ཁང་ཚང་མ་བརྡིབས་ནས་དཀའ་ཁག་ཆེན་པོར་འཕྲད། ཁྱིམ་མི་ཚང་མ་འཚོ་བ་བཟང་པོ་སྐྱེལ་ཐུབ་པ་དང་བསོད་ནམས་ཕུན་ཚོགས་ཀྱི་སློབ་སྦྱོང་ལ་བར་ཆད་མི་ཐེབས་པའི་ཆེད་དུ།  ཨ་ཕས་སོ་ཕག་བཟོ་གྲྭ་བཙུགས་པ་དང་། ཁང་པ་ལས་པ། རླངས་འཁོར་ཞིག་གསོ་བཅས་ཀྱི་ལས་ཀ་ལས་མྱོང་། ན་ནིང་ཁོ་ཚོ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ཐོག་ཁང་གསར་པར་སྤོས་པ་མ་ཟད། ད་དུང་རང་ཁྱིམ་གྱི་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་ནས་ན་གཞོན16ལ་ལས་རྐང་མཁོ་འདོན་བྱས།

“ད་ལྟ་འཚོ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། འོན་ཀྱང་ཨ་ཕས་མྱངས་པའི་དཀའ་སྡུག་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཨ་ཕས་རྒན་གསོ་ཁང་དང་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་ནི་ང་ཚོར་མཚོན་ན་སློབ་གསོ་ཡག་ཤོས་ཤིག་རེད”ཅེས་བསོད་ནམས་ཕུན་ཚོགས་ཀྱིས་དེ་ལྟར་བཤད་བྱུང་།

ས་འགུལ་བྱུང་བའི་ཚུན་ལ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་གནོད་ཤུལ་བསྐྱར་སྐྲུན་གྱི་འཆར་འགོད་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པ་དང་། རོང་འབྲོག་ཁྱིམ་ཚང་ཁྲི་གཅིག་སྟོང་དྲུག་བདུན་བརྒྱ་ལྷག་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཁྲི་གཉིས་སྟོང་གཉིས་བཞི་བརྒྱ་སོ་དགུ་ཡི་སྡོད་ཁང་ཚང་མ་བསྐྲུན་ཏེ་གནོད་ཁུལ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་རྩ་བའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད། སློབ་གསོ་དང་། སྨན་བཅོས། རིག་གནས་ལུས་རྩལ། ཕན་བདེ་ཁང་། དྭ་ཕྲུག་ཁང་སོགས་ཁག་གཅིག་སྤྱོད་འགོ་ཚུགས་ཡོད། གཞན་ཡང་ཁུལ་དང་རྫོང་གི་རིམ་པ་གཉིས་པའི་སྣུམ་སྙིགས་གཞུང་ལམ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཞང་དང་གྲོང་རྡལ་གྱི་གཞུང་ལམ་བཅུ་ཆའི་དགུ་ཤར་གཏོང་ཐུབ་པ། འཕྲིན་གཏོང་ཁྱབ་ཚད་100%ཟིན་ཏེ་ས་ཁོངས་ཀྱི་ཉམས་འགྱུར་མངོན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཉམས་འགྱུར་ལྡན་པ་བཅས་ཀྱི་ཡུས་ཧྲུའུ་གསར་པ་ཞིག་གཙང་གསུམ་འབྱུང་ཡུལ་དུ་འགྱིང་ངེར་ལངས།

“སྲིད་གཞུང་གི་རོགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡག་པོ་ཡོད་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ” ཞིག་རོའི་ཁྲོད་ནས་བསྐྱབས་པའི་ལྷ་མོ་ནི་ཁོ་མོའི་ཁྱིམ་ནས་སྲོག་ཉེན་ལས་ཐར་བའི་མི་གཅིག་པུ་དེ་རེད། སེམས་བག་ཡངས་བའི་བུ་མོ་དེས་དབུལ་སྒྲོལ་ཐད“རང་ཉིད་ཀྱི་ལག་ཟུང་ལ་བརྟེན་དགོས་པའི་གནས་ལུགས”གསལ་པོ་ཤེས་ཡོད།   ད་ལྟ་ལྷ་མོར་ཟླ་རེར་གླ་ཕོགས་སྒོར་9000ཙམ་ཡོད་པ་རེད།

ནོར་བུ་གླིང་མི་རིགས་རྒྱན་གོས་ཀུང་སི་ནི་ཡུས་ཧྲུའུ་ཁུལ་གྱི་མི་རིགས་རྒྱན་གོས་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་ཞིང་། ལོ་རེར་དུས་བཅད་ལྟར་བོད་རིགས་ཀྱི་རྒྱན་གོས་བཟོ་སྟངས་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་། གྲུབ་འབྲས་ཕུལ་དུ་ཕྱིན་པ་རྣམས་འཁོར་ཁང་དུ་ལས་ཞུགས་བྱས་ཆོག་ལ། གླ་ཕོགས་སྒོར་2500ཡོད་པའི་ཁར་གྱོན་ཆས་བཟོས་པའི་གྲངས་ཀ་གཞིར་བཟུང་ནས་གླ་ཕོགས་ཁ་སྣོན་བྱེད་ཀྱིན་ཡོད། ལོ10ཡི་རིང་ཀུང་སིས་རིམ་རྩིས་བྱས་ན་མི་ཐེངས་3000ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་རོང་འབྲོག་ཁྱིམ་ཚང་1200ལྷག་ཙམ་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས། ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ་དཔལ་ལྡན་རྒྱལ་མཚན་གྱིས་བཤད་རྒྱུར། “ང་ཚོའི་ཐོན་རྫས་ལ་སྲོལ་རྒྱུན་གྱི་ལག་རྩལ་སོར་འཇོག་བྱས་ཡོད་ལ། དེང་རབས་ཀྱི་ཁྱད་ཆོས་ཀྱང་བསྡུ་ལེན་བྱས་ཡོད་པས། ཚོང་རར་དགའ་བསུ་ཆེན་པོ་ཐོབ་པ་དང་ཐོན་རྫས་ཁག་གཅིག་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཏུ་འཚོང་བཞིན་ཡོད” ཟེར།

2015ལོར་ཡུས་ཧྲུའུ་ཁུལ་གྱིས་དབུལ་ཕོངས་ཁྱིམ་ཚང་ཁྲི་གསུམ་སྟོང་ལྔ་དང་མི་འབུམ་གཅིག་ཁྲི་གཅིག་ལྷག་གནད་སྨིན་དབྱེ་འབྱེད་བྱས་པ་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་གྲངས་དབུལ་པོའི་ལྔ་ཆའི་གཅིག་ཟིན་ཡོད།

ཡུས་ཧྲུའུ་ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཞའོ་ཝུའེ་ཡིས་བཤད་རྒྱུར། ཡུས་ཧྲུའུ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཤིང་། ལོ་ལྔའི་རིང་རིམ་རྩིས་བྱས་ན། ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་བཅོ་བརྒྱད་ལྷག་དོན་འཁྱོལ་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་ལས་གཞི་ཆ་ཚང་ཁྲི་བཞི་སྟོང་གཉིས་བདུན་བརྒྱ་སུམ་ཅུ་ལག་བསྟར་བྱས་པ། མི་གྲངས་དབུལ་པོ་ཁྲི་དྲུག་སྟོང་བདུན་ལ་འབྲེལ་བའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་ལས་གཞི་ལེགས་འགྲུབ་བྱུང་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། ཡུས་ཧྲུའུ་ཡི་མི་གྲངས་དབུལ་པོ་དང་ཁྱིམ་ཚང་སྨན་པའི་བར་གན་རྒྱ་བཞག་ཚད་དང་ལག་བསྟར་བྱེད་ཚད་100%ཟིན་ཡོད་པ་རེད། ལོ་ལྔའི་རིང་། མི་གྲངས་དབུལ་པོ་མི་ཐེངས་3217ལ་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱས་པར་སྒོར་བྱེ་བ་གཅིག་ས་ཡ་དྲུག་ལྷག་བཏང་བ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སྨན་རིན་རྩིས་ཞུའི་བསྡུར་ཚད་90%ཟིན་པ། དཀའ་ཁག་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་མི་ཐེངས་ཁྲི་བདུན་སྟོང་བདུན་ཆིག་བརྒྱ་ཉེར་དྲུག་ལ་སྒོར་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་དགུ་ཁྲི་ལྔ་སྤྲད་ཡོད།

དབྱང་ཞའོ་ཝུའེ་ཡིས་བཤད་རྒྱུར། “ང་ཚོས་དབུལ་པོ་དབུལ་ནག་གཏན་ནས་མེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་བཞིན་ཡོད”ཡུས་ཧྲུའུ་ཁུལ་གྱི་མི་གྲངས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ2015ལོའི་སྒོར་2970ནས་2019ལོའི་སྒོར་5200ཡན་བར་འཕར་བ་དང་དབུལ་པོར་འགྱུར་ཚད་2015ལོའི་ལོ་མཇུག་གི་34%ནས་2019ལོའི་ལོ་མཇུག་གི་3%བར་མར་ཆག་ཡོད་ཟེར།

“ཚེ་རྒྱལ་ན་ནིང་ནས་བཟུང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར།  ས་སྐྱེས་རྡོ་སྐྱེས་ཀྱི་རོང་པོ་བ་ཞིག་ཡིན་པའི་ཆ་ནས་དེ་གར་འཚོ་སྡོད་བྱེད་པའི་བྱ་རིགས་ཚང་མ་ཚེ་རྒྱལ་གྱི་ཚེ་སྲོག་གི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཆུང་དུས་ཕ་མེས་ཚོས“ སྦྲ་གུར་ཕུབ་ནས་འདབ་ཆགས་ལ་ལྟ་བའི”རྣམ་པ་དེ་ཁོའི་སེམས་ལ་གསལ་བོར་ངེས་ཡོད། “འདབ་ཆགས་ཇེ་ཉུང་དུ་སོང་ན་མི་འགྲིག་པ་དང་། ཆུ་བོར་བཙོག་པ་ཤོར་ན་མི་འགྲིག་པ། འདམ་ར་སྐམ་ན་མི་འགྲིག་པ”ཞེས་པའི་བསླབ་བྱ་ཟབ་མོ་དེ་ཚེ་རྒྱལ་གྱི་སེམས་ལ་བརྟན་པོར་ངེས་ཡོད། “ངས་ཡི་གེ་མི་ཤེས་པས་རིག་གནས་ཆུ་ཚད་མེད། འདམ་ར་དང་འདབ་ཆགས་རིགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། ང་ཚོ་ཚང་མ་འདབ་ཆགས་དང་ཁ་འབྲལ་ཐབས་མེད”ཅེས་ཚེ་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

པ་སངས་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། “ས་འགུལ་བྱུང་རྗེས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་ཡུས་ཧྲུའུ་ལ་རོགས་རམ་བྱས་པ་ངས་སེམས་གཏིང་ལ་བཅངས་ཡོད། ད་ལྟ་དག་ཞིང་འདི་སྲུང་སྐྱོབ་ཡག་པོ་བྱས་ཚེ་རང་ཉིད་ལ་ཕན་པ་ཡོད་པ་མ་ཟད། མེས་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་བྱེད་པར་ཡང་ལེགས་སྐྱེས་ཕུལ་བ་ཡིན་ཟེར།

“མིག་སྔར་ཡུས་ཧྲུའུ་རུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སོགས་བཙུགས་པ་དེས་ཡུས་ཧྲུའུ་ལ་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་པས། ང་ཚོས་ངེས་པར་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ལྕི་ཤོས་ལ་བརྩིས་ནས་བརྟན་སྲུང་ཡག་པོ་དང་། འགན་འཁྲི་ཆེ་ཤོས་ལ་བརྩིས་ནས་རང་འགན་གཙང་སྒྲུབ། དམངས་ཚིས་ཆེ་ཤོས་ལ་བརྩིས་ནས་འགན་ལེན་ཡག་པོ་བཅས་བྱེད་དགོས”ཞེས་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་རྡོ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།