རྨ་སྟོད་རྫོང་གིས་རྨ་སྟོད་འབྲོག་ལུག་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་བཏང་བ།
2020.05.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཐོན་ལས་རིགས་བསྒྱུར་བྱེད་པའི་གོ་སྐབས་དང་བསྟུན་ནས། “རྨ་སྟོད་འབྲོག་ལུག”ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཕྱུགས་ལས་སྐྱེ་ཁམས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་བཏང་བ་དང་། འཚོང་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས་བསྟུད་མར་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྐུལ་ཁྲིད་བྱས། ན་ནིང་། རྫོང་དེའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་ས་ཡ་བརྒྱད་དང་འབུམ་བདུན་ཁྲི་གཅིག་ལ་སླེབས་ཤིང་། སྒོ་ཕྱུགས་སྟོང་དྲུག་དང་དྲུག་བརྒྱ་དོན་བདུན་ཧྲིལ་བསྡུས་བྱས་པ་དང་། འབྲོག་པ་ཁྱིམ་ཚང་བརྒྱ་དང་གཅིག་དང་མི་གྲངས་ཉིས་བརྒྱ་སོ་དགུ་མཉམ་ལས་ཁང་དུ་ཞུགས་ལ་མཉམ་ལས་ཁང་གི་ཁོངས་མིའི་སྤྱིའི་ཐོབ་ཆ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ཁྲི་བདུན་དང་སྟོང་བརྒྱད་ལྷག་ལ་སླེབས།

“རྨ་སྟོད་འབྲོག་ལུག”ནི་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་ཡིན་ལ། བལ་དཀར་ཞིང་ཤ་སྙི་བ། ཁ་ལ་ཞིམ་པ་བཅས་ཀྱི་ཁྱད་ཆོས་ལྡན། 2019ལོར། “རྨ་སྟོད་འབྲོག་ལུག”དེ་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི“རྫོང་བརྒྱའི་ཐོན་རྫས་བརྒྱ”ཡི་མིང་ཐོའི་ནང་ཚུད་དེ། པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན་སོགས་རྒྱང་ཐག་རིང་བའི་ས་ཁུལ་དག་ལ་ཕྱིར་འཚོང་བྱེད་བཞིན་ཡོད།

ཉེ་བའི་ལོ་འདི་དག་ལ། རྨ་སྟོད་རྫོང་གིས“སྡེ་བ་གཅིག་ལ་ཐོན་རྫས་གཅིག”འཕེལ་རྒྱས་གཏོང་བ་དེ་ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ནུས་ཕྱོད་མཐོར་འདེགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྡེ་བ་སུམ་ཅུ་ཡི་ནང་དུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་དང་། རིམ་བསགས་སྒོས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་ཁྲི་བརྒྱད་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་གྱི་ལས་གཞི་ཉེར་དྲུག(འབྲོག་ལུག་གསོ་སྤེལ་རྟེན་གཞི་ཉེར་གཅིག་དང་ནོར་ནག་གསོ་སྤེལ་རྟེན་གཞི་ལྔ)ལག་བསྟར་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་བྱེད་ནུས་ཇེ་དྲག་ཏུ་བཏང་།

རྨ་སྟོད་རྫོང་གིས“སྲིད་གཞུང་དང་ཁེ་ལས། མཉམ་ལས་ཁང་།གློག་རྡུལ་ཚོང་ལས”ཀྱི་རྣམ་པ་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་བཏང་བ་དང་། རྒྱལ་ཁབ་དབུལ་སྐྱོར་སྲིད་ཇུས་དང་རྒྱལ་ཁབ་གློག་དྲ། བཟོ་ཚོང་དངུལ་ཁང་། ཞིང་ལས་དངུལ་ཁང་སོགས་གློག་རྡུལ་ཚོང་ལས་སྟེགས་བུ་གཞོགས་འདེགས་སུ་བྱས་ཏེ། དགེ་མཚན་ལྡན་པའི་ཁྱད་སྟོབས་བསྐྲུན་པ་ལ་བརྟེན་ནས་མང་ཚོགས་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་མཐོར་བཏང་། རྫོང་དེས་ད་དུང་ཞུས་ལི་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཚན་རྩལ་ཀུང་སི་ལ་མཉམ་ལས་གྲོས་ཆིངས་བཞག་པ་དང་། ཁྲོམ་རའི་རིན་གོང་ལས་བརྒྱ་ཆའི་ལྔ་ལས་མཐོ་བའི་རིན་གོང་ལྟར་མཉམ་ལས་ཁང་ནས་རྨ་སྟོད་འབྲོག་ལུག་ཉོས་ནས་ལས་སྣོན་གཏིང་ཟབ་བྱས་པ་དང་། ལོ་མཇུག་ཏུ་བརྒྱ་ཆའི་ང་གཅིག་གི་ཁེ་སྤོགས་ལྟར་ཕྱིར་མཉམ་ལས་ཁང་དུ་སྤྲད་དེ་ཡང་བསྐྱར་བགོ་འགྲེམ་བྱས་པས། འབྲོག་པ་མང་ཚོགས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ནང་ཞུགས་པའི་བརྩོན་སེམས་བསླངས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།