“ང་ཚོ་ཁང་པ་གསར་པའི་ནང་འདུག་ཐུབ་བྱུང་།”“བྱིས་པ་སློབ་གྲྭར་འགྲོ་བར་སེམས་ཁུར་བྱེད་མི་དགོས།”“ད་ལྟ་ང་ཡང་ཐོན་ལས་ལས་བཟོ་པ་ཞིག་ཡིན།” མཐོ་སྒང་གི་དགུན་ཁའི་གྲང་རླུང་རུས་རྐང་དུ་ཟུག་ཀྱང་། དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་སྙན་ཞིང་འཇེབས་པའི་གོམ་སྒྲར་ཉན་ན། དྲོད་སྐྱིད་ལྡན་པའི་དཔྱིད་ཀ་སླེབས་པ་དང་མཚུངས། འདི་ནི་མཐོ་སྒང་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བཞིན་པའི་དངོས་བྲིས་ཤིག་ཡིན་ལ། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྙིང་རུས་ལྷོད་མེད་ཀྱིས་དཀའ་སེལ་མཁྲེགས་གཏོར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་པའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཀྱང་ཡིན།
2019ལོར། དབུལ་ཕོངས་རྫོང17གྱི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ170དབུལ་ཕོངས་ལས་ཐར་བ། དབུལ་ཕོངས་མི་གྲངས་ཁྲི་བདུན་སྟོང་བདུན་དབུལ་ཕོངས་ལས་ཐར་བའི་ལོ་འཁོར་གྱི་དམིགས་འབེན་འགན་འཁྲིར་དམ་པོར་དམིགས་ནས། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལེགས་པོར་སྤེལ་བ་དང་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ། མཚོ་སྔོན་གྱིས་གནད་ཁེལ་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་གཏིང་ཟབ་མཁྲེགས་གཏོར་འབུར་དུ་བཏོད་པ། དམངས་ཚིས་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ་ཇེ་མགྱོགས་སུ་གཏོང་བ། དངོས་གནས་དབུལ་ཐར་དང་དབུལ་ཕོངས་ལས་ཐར་བ། ཕྱིར་དབུལ་ཕོངས་སུ་མི་འགྱུར་བའི་སྟེང་ཤུགས་འདོན་པ་དང་ཕན་འབྲས་དངོས་མཐོང་བར་བྱེད་པ་བཅས་ཀྱིས། ལོ་འཁོར་མོའི་དབུལ་པོ་དབུལ་ནག་གཙང་སེལ་བྱེད་པར་ནུས་པ་གང་ལེགས་བཏོན།
“ཡིད་ཆེས་ཡོད་ཚེ་ས་ནག་གསེར་དུ་བསྒྱུར་ནུས།” མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་ཞིང་། དབུལ་ཕོངས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་ཆེས་ཐད་ཀར་དུ་ཐོབ་ཐུབ་པའི་ཁེ་ཕན། མཁོ་གལ་ཆེ་ཤོས་ཀྱི་དཀའ་གནད་བཅས་ལ་དམིགས་ཏེ། སེམས་ཤུགས་གཅིག་སྒྲིམ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱེད་པ་དང་། དུས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། འཛེར་མ་བརྡབས་པ་ལྟ་བུའི་སྙིང་སྟོབས་དང་མེ་ཏོག་གཙགས་པ་ལྟ་བུའི་ནུས་རྩལ་གྱིས་གནད་ཁེལ་དབུལ་ཐར་མཁྲེགས་གཏོར་ཐད་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲད་ཡོད།
དབུལ་སྐྱོར་གསར་སྤེལ་གྱི་གཙོ་ཆེ་བ་གནད་ཁེལ་སྟེང་དུ་ཡོད་ལ། དཀའ་གནད་ཆེ་སའང་གནད་ཁེལ་སྟེང་དུ་ཡོད།
“དབུལ་སྐྱོར་གསར་སྤེལ་གྱི་གཙོ་ཆེ་བ་གནད་ཁེལ་སྟེང་དུ་ཡོད་ལ། དཀའ་གནད་ཆེ་སའང་གནད་ཁེལ་སྟེང་དུ་ཡོད། རྒྱལ་ཕམ་ཅི་བྱུང་ཡང་གནད་ཁེལ་གྱི་སྟེང་དུ་ཡོད།” གནད་ཁེལ་དབུལ་སྐྱོར་ལག་བསྟར་བྱེད་འདོད་ན་དབུལ་ཕོངས་ཀྱི་རྩ་བ་བཙལ་ཏེ། ངེས་པར་དུ་རྩ་བ་ནས་འཛིན་དགོས་ལ། ཧ་ཅང་དབུལ་བའི་ས་ཁུལ་དང་ཁྱད་དབུལ་མི་ཚོགས་ལ་དམ་པོར་དམིགས་ནས། ནད་བསྟུན་སྨན་བཅོས་དང་མདའ་མོ་འབེན་འཛུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གནས་བབ་ཆེན་པོ་ཆགས་སུ་བཅུག
གཅིག་བསྡུས་མུ་འབྲེལ་གྱི་ཁྱད་དབུལ་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཡོངས་སུ་ཁེབས་པ། དབུལ་ཐར་མཁྲེགས་གཏོར་གྱི་དཀའ་ཁག་ཆེས་ཆེ་བའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། དབུལ་ཕོངས་ཀྱི་ཚད་གཏིང་ཟབ་ཅིང་། ཞན་ཆ་མང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཡུན་རིང་ལ་མ་གནས་མཐོ་ཞིང་དཀའ་ཁག་ཆེ།
དེའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་དེ་ཆེས་ཆེ་བའི་ཆབ་སྲིད་འགན་འཁྲི་དང་ཆེས་ཆེ་བའི་དམངས་ཚིས་བཟོ་འགོད། ཆེས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་བརྩིས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་པ་དང་། གོང་ནས་འོག་བར་དབུལ་ཕོངས་མང་ཚོགས་ཀྱི་འབྱུང་རྩ་འཚོལ་བ་དང་ཐབས་བཀོད་འཐེན་པར་ཧུར་ཐག་གིས་རོགས་རམ་བྱས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་ཐོན་ལས་ལས་གཞིའི་འཛུགས་སྐྲུན། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པ་སོགས་ཕྱོགས་མང་པོའི་རོགས་སྐྱོར་བྱེད་ཐབས་སྤྱད་དེ། དབུལ་ཕོངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་མཐོང་དུ་བཅུག་ཡོད།
མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622དང་དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གཉིས་ཚང་མ་དབུལ་ཕོངས་ལས་ཐར། དབུལ་ཕོངས་རྫོང42ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རེ་བ་ཡོད་ལ། དབུལ་ཕོངས་དབུལ་ནག་གཙང་སེལ་བྱེད་པའི་དམིགས་འབེན་མངོན་འགྱུར་འབྱུང་སྲིད།
དབུལ་ཐར་མཁྲེགས་གཏོར་ཇི་ལྟར་མཇུག་བསྒྲིལ་ལ་ཉེ་ན། ཤུལ་དུ་ལུས་ཡོད་པའང་ཆེས་མཁྲེགས་པའི་དཀའ་གནད་ཡིན་ལ། འཕྲད་པའི་འགལ་བའང་ཆེས་ཛ་དྲག་ཡིན་པ་དང་ཐག་གཅོད་བྱེད་དགོས་པའི་དཀའ་ཁག་ཡང་ལྷག་པར་རྙོག་འཛིང་ཡིན་པ་གདོན་མི་ཟ།
ཡིན་ན་ཡང་། མཐོ་སྒང་གི་ས་ཆེན་སྟེང་སྐྱོད་དུས། ང་ཚོའི་མིག་མདུན་གྱི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་དོན་འཁྱོལ་དངོས་འབེབས་བྱས་པ་ནི་དཔྱིད་རླུང་བསིལ་མོ་དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ལྡང་བ་དང་མཚུངས། དབུལ་ཐར་མཁྲེགས་གཏོར་གྱི་མཐོ་རླབས་དགུང་དུ་འཕྱུར་ཞིང་། ཡུལ་གཞན་ལ་གནས་སྤོར་བཀོད་སྒྲིག་བྱས་པའི་ས་གནས་ནས་དབུལ་སྐྱོར་འཁོར་ཁང་དང་། དབུལ་ཕོངས་བྱིས་པ་སློབ་གྲྭར་འགྲོ་ཐུབ་པ་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱས་པ་སོགས། ས་གནས་གང་སར་སོང་ན་མང་ཚོགས་ཀྱིས་འཚོ་བ་གསར་པར་བཅངས་པའི་རེ་སྙེག་དང་དབུལ་ཐར་བྱུང་རྗེས་ཀྱི་དགའ་སྤྲོ་ཉམས་སུ་མྱོང་ཐུབ།
ཁྱོན་ཡོངས་དབུལ་ཐར་བྱེད་པའི་ལས་འགན་ལག་ན་ཡོད་པ་དང་འགན་འཁྲི་ཕྲག་ཏུ་ཡོད།
ཏང་གི་འཛུགས་སྐྲུན་གྱིས་དབུལ་ཐར་ལ་སྐུལ་འདེད་གཏོང་བ་དམ་འཛིན་བྱེད་པ་ནི་དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་བསྒྱུར་བྱས་པའི་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར། རིམ་པ་སོ་སོའི་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པར་སེམས་ཤུགས་འདོན་པའམ། ཡང་ན་སྡེ་དམངས་ཀྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྣེ་ཁྲིད་འོག དེ་སྔོན་གྱི“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཡོངས་སུ་བསྒྱུར་ཏེ། རང་འགུལ་གྱིས་ཁྱིམ་དར་ཕྱུག་བསྒྱུར་གྱི་ལས་ལ་འབད། “དབུལ་ཐར་མཁྲེགས་གཏོར་གྱི་ཏང་དར་དམར་པོ” དབུལ་ཐར་ཕྱུག་བསྒྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་དུ་ལྷག་ལུས་མེད་པར་མཚོན་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཕ་ཡག་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྨང་བརྟན་ཡོང་འཕར་གྱི་ལམ་བུ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། རྨང་གཞི་སྲ་བརྟན་དང་ཁྱད་ཆོས་གསར་སྐྲུན། ཕན་འབྲས་འཕར་བ། དམངས་ཚིས་ལ་ཕན་པ་བཅས། འབྲོག་ཁུལ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཕྱུག་བསྒྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
ཕ་ཡག་སྡེ་བ་ཡོངས་སུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང36ཡོད་ལ། རིམ་བསགས་ཀྱིས་བརྩིས་ན་དབུལ་སྐྱོར་མ་དངུལ་སྒོར་འབུམ་དྲུག་ཁྲི་བཞི་ཡོད་ཅིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མ་དངུལ་རང་གྲབས་བྱས་ཏེ་གཅིག་གྱུར་གྱིས་མ་མོ་ཉོས་ནས། ཁོ་ཚོ་བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བར་རོགས་སྐྱོར་བྱས། མིག་སྔར་སྡེ་བ་ཡོངས་ཀྱི་ཁྱིམ་ཚང218ཀྱི་མི868ཁྲོད་ཀྱི་ཕྱེད་ཀ་ཙམ་གྲོང་རྡལ་དུ་གནས་སྤར་ཏེ་ཡུལ་སྐོར་ཐོན་ལས་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད་པ་དང་། ལྷག་མས་གྲོང་རྡལ་དུ་ཞོར་ལས་གཉེར་བར་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད་ལ། ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལས་བརྒལ་ཡོད།
མཚོ་སྔོན་པོའི་རང་བྱུང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ལོ་འདི་འགའི་རིང་ཕ་ཡག་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྣེ་ཁྲིད་འོག ཕ་ཡག་སྡེ་བ་རུ“མི་རེ་རེར་ལས་ཀ་ཡོད་པ་དང་། ལས་ཀ་རེ་རེར་ལས་མཁན་ཡོད་པ། ཁྱིམ་ཚང་རེ་རེར་ཡོང་སྒོ་ཡོད་པ། ཁྱིམ་ཚང་རེ་རེར་འཛད་སྤྱོད་ཡོད་པའི”སྡེ་བ་གསར་པའི་རྣམ་པ་ཞིག་ཆགས་ཡོད།
གུང་ཧོ་རྫོང་ཅང་ཤེས་ཞང་རྨོག་རུ་སྡེ་བར་ཏང་ཡོན85ཡོད་ཅིང་། རྫོང་ཡོངས་སུ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡོད་པའི་སྡེ་བ་གཅིག་པུ་ཡིན། དེའི་འོག་ཏུ་ཏང་ཀྲི་པུའུ་གསུམ་བཙུགས་ཡོད་ལ། ཏང་ཀྲི་པུའུ་རེ་རེར་ཏང་གི་ཚན་ཆུང་རེ་ཡོད་པ་དེས་དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་དང་། ཏང་ཡོན་རེ་རེས་དབུལ་ཕོངས་ཁྱིམ་ཚང2ནས3ལ་འགན་འཁུར་ཡོད། སྨན་ཁང་ལ་སྟོན་མི་ཐུབ་ན་ཏང་ཡོན་བཙལ་ལ། སློབ་གྲྭ་འགྲོ་བར་དཀའ་ཁག་ཡོད་ནའང་ཏང་ཡོན་བཙལ། དཀའ་ཁག་ཆེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཐུན་མོང་གིས་རོགས་སྐྱོར་བྱེད་བཞིན་ཡོད།
རྨོག་རུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལྷ་མོ་མཚོའི་ཁྱོ་ག་ལོ་འགའི་སྔོན་དུ་ནད་ཀྱི་དབང་གིས་ཚེ་ལས་འདས་ཤིང་། ཤུལ་དུ་ད་དུང་སྒོར་ཁྲི5ཡི་བུ་ལོན་ཡོད། ཏང་ཚན་ཆུང་གི་ཚན་གཙོ་ཆོས་སྐྱབས་རྒྱལ་གྱིས་རང་འགུལ་སྒོས་མོའི་ཚབ་ཏུ་ཡོང་སྒོ་བདག་ཉར་བྱས་པས། ལོ་གསུམ་གྱི་རིང་ལ་བུ་ལོན་ཡོངས་རྫོགས་བྱིན་ཚར་བར་མ་ཟད། ད་དུང་གསོག་དངུལ་སྒོར་ཁྲི་གཅིག་སྟོང་བདུན་ལྷག་ཡོད་པས། ད་ལྟ་ལྷ་མོ་མཚོའི་འཚོ་བའི་ཆ་རྐྱེན་ལོ་རེ་ནས་ལོ་རེར་ཇེ་བཟང་ཇེ་ལེགས་སུ་གྱུར།
གནད་ཁེལ་དབུལ་སྐྱོར་བྱས་པར་མང་ཚོགས་ཡིད་ཚིམ་པ་དང་ལག་ལེན་གྱི་ཞིབ་བཤེར་ཐེག་པ།
དབུལ་སྐྱོར་བྱ་བ་བསྒྲུབས་པའི་བཟང་ངན་དེ་གཙོ་བོ་མང་ཚོགས་ཡིད་ཚིམ་མིན་ལ་བལྟ་དགོས།
དབུལ་ཐར་བྱ་བའི་ཡོད་ཚད་མང་ཚོགས་ལྟེ་བར་འཛིན་པ་དང་། དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱེད་པ་དང་ཡུལ་བབ་དང་བསྟུན་ཞིང་། དམངས་ཀྱི་གནས་ཚུལ་རྟོགས་པ་དང་དམངས་ཀྱི་བསམ་ཚུལ་ལ་ཉན་ནས། དངོས་གནས་རོགས་སྐྱོར་བྱས་པའི་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཐར་གྲུབ་འབྲས་ལ་མང་ཚོགས་ཀྱི་དངོས་གནས་ཁས་ལེན་ཐོབ་པར་མ་ཟད། ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་པར་བྱེད་དགོས།
ན་ནིང་གི་ཟླ12པའི་ཚེས17ཉིན། ནམ་ཟླ་ཧ་ཅང་འཁྱགས་རུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བ་རུ་ལོ་གསར་ནང་བཞིན་འདུ་འཛི་ཆེ་ལ། མི་རེ་རེའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། ཉིན་དེར་བདེ་སྐྱིད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང251ལ་སྒོར་འབུམ་བརྒྱད་ལྷག་གི་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད་ལ། སྡེ་བ་ཐུན་མོང་གིས་སྒོར་ཁྲི5ཡི་ཡོང་འབབ་བགོ་བཤའ་བརྒྱབ།
ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་པད་མ་སྐྱིད་ཀྱིས་དུས་ཆེན་གྱི་ལྭ་བ་གསར་བ་གྱོན་ནས། 2019ལོའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ཡོང་འབབ་བགོ་བཤའ་རྒྱག་པའི་ཚོགས་ཆེན་ལ་ཞུགས། ཁོ་མོས་བགོ་བཤའ་བརྒྱབ་པའི་ཡོང་འབབ་སྒོར4350ལག་ཏུ་བཟུང་ནས་དགའ་སྤྲོའི་ངང་བཤད་རྒྱུར། “ཏང་ལ་བཀའ་དྲིན་ཞུ། སྲིད་གཞུང་ལ་བཀའ་དྲིན་ཞུ། ང་ཚོ་ཐག་རིང་གི་རི་ཁུལ་ནས་མཛེས་སྡུག་ལྡན་པའི་བདེ་སྐྱིད་སྡེ་བར་གནས་སྤར་བས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། ཁྱིམ་མི་ཡོངས་ཀྱི་ལོ་རེའི་ཡོང་འབབ་ཧ་ལམ་སྒོར་ཁྲི3ཙམ་ཡོད་པས། ང་ཚོའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད”ཟེར།
ལོ་མཇུག་ལ་ཉེ་སྐབས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ་སོ་སོ་རུ་འདི་འདྲའི་དྲོད་ཁོལ་འཁྱིལ་བའི་སྣང་ཚུལ་མཐོང་ཐུབ་སྟེ། དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་པད་མ་སྐྱིད་ཚང་དང་འདྲ་བར། དངོས་གནས་དྲང་གནས་ཀྱིས་ཕྱུག་བསྒྱུར་འདུན་མ་མངོན་འགྱུར་བྱུང་ཡོད་ལ། ང་ཚོས་དབུལ་ཕོངས་སྡེ་བའི་ག་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་དབུལ་ཕོངས་མང་ཚོགས་ཀྱི་སེམས་གཏིང་དུ་དགའ་སྤྲོའི་འཛུམ་མདངས་རྒྱས་བ་ཉམས་སུ་མྱོང་ཐུབ།
ད་ལྟ་ཁྱོན་ཡོངས་ནས་སྡེ་བ་རིམ་པའི་འོད་ཧྥུ་དབུལ་སྐྱོར་ལས་གཞི་ཀྲོ་ཝ471.6ཅན་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་ཡོངས་སུ་རིམས་བསགས་ཀྱིས་བརྩིས་ན་འོད་ཧྥུ་དབུལ་སྐྱོར་དམིགས་ཚད་ཀྲོ་ཝ721.6ལག་བསྟར་བྱས་ཟིན་ལ། ལོ་རེའི་གློག་འདོན་གྱི་སྔོན་དཔག་ཡོང་འབབ་སྒོར་དུང་ཕྱུར་ལྔ་བྱེ་བ་བདུན་ལ་སླེབས་ཏེ། དབུལ་ཕོངས་ཁྱིམ་ཚང་ཁྲི་བརྒྱད་སྟོང་བདུན་བཞི་བརྒྱར་ཐད་ཀར་སྐུལ་ཁྲིད་བྱས་ནས་ཡོང་སྒོ་འཕར་དུ་བཅུག “ཆུས་གསུམ་ཁུལ་གསུམ”གྱི་ཡུལ་སྐོར་ཆེན་པོས་མཚམས་སྦྱོར་དང་ཟུང་འབྲེལ་བྱས་ཤིང་། ལག་བསྟར་བྱས་ཟིན་པའི་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་ལས་གཞི208རིམ་པ་སྤར་ནས་གཙོ་གནད་དུ་མཚམས་སྦྱོར་བྱས་ཏེ། ཁྱིམ་ཚང་ཁྲི་གཅིག་སྟོང་དྲུག་སུམ་བརྒྱ་ཡི་དབུལ་ཕོངས་མི་གྲངས་ལ་བརྟན་བརླིང་ངང་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས། དབུལ་སྐྱོར་འཁོར་ཁང310ཡིས་ལས་རྐང་ཁྲི་གཉིས་སྟོང་གཅིག་བརྒྱད་བརྒྱ་ཡི་ལས་ཞུགས་ཐག་གཅོད་བྱས་ནས། མི་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར1500ཡས་མས་འཕར་དུ་བཅུག ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཡོད་པའི་སྲིད་འཛིན་སྡེ་བ2358ཀྱི་སྡེ་བ་རེར་སྒོར་ས་ཡ་གཅིག་རེ་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རམ་འདེགས་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ4146ཁྲོད། 91.3%ཟིན་པའི་སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མེད་པ་ནས་ཡོད་པ་མངོན་འགྱུར་བྱུང་ཡོད། དབུལ་ཕོངས་མང་ཚོགས་ཁྲི་བཞི་སྟོང་དགུ་དགུ་བརྒྱ་ཡིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལྟ་སྲུང་བྱ་བ་གཉེར་གྱིན་ཡོད་ལ། ལོ་རེའི་ཆ་སྙོམས་ཡོང་འབབ་ཆེས་མཐོ་བ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ལ་སླེབས་ནས། ལྗང་བསྒྱུར་དང་ཡོང་འཕར། སྐྱེ་ཁམས་དང་འཚོ་ཚིས་བཅས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་།
“ ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། ཁྱིམ་ཚང་ཁྲི་ལྔ་སྟོང་གཉིས་དང་མི་གྲངས་འབུམ་གཉིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་ལས་འགན་དང་རོང་འབྲོག་ཁྱིམ་ཚང་འབུམ་གཉིས་ཀྱི་ཁང་རྙིང་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱས། ད་ལོར་སྡེ་བའི་འཕྲོད་བསྟེན་ཁང700གསར་སྐྲུན་དང་ཞིག་གསོ་བྱས། ནད་ལྗིད་མོ་སྐྱོབ་བཅོས་བྱེད་ཚད་དང་ནད་ལྗིད་མོའི་མཐའ་སྲུང་ཚད། དལ་བའི་རང་བཞིན་ནད་ཀྱི་གན་རྒྱ་འཇོག་ཚད98%ཡན་དུ་སླེབས། དབུལ་ཕོངས་ས་ཁུལ་གྱི་ཆ་རྐྱེན་ཡོད་པའི་སྲིད་འཛིན་སྡེ་བའི་གཞུང་ལམ་སྲ་བསྒྱུར་ཚད་དང་འགྲུལ་སྐྱེལ་རླངས་འཁོར་གཏོང་ཚད100%ལ་སླེབས།
དབུལ་ཕོངས་ལས་ཐར་ཡང་འགན་འཁྲི་མི་འདོར་བ་དང་དབུལ་ཕོངས་ལས་ཐར་ཡང་སྲིད་ཇུས་མི་འདོར་བ། དབུལ་ཕོངས་ལས་ཐར་ཡང་རོགས་སྐྱོར་མི་འདོར་བ། དབུལ་ཕོངས་ལས་ཐར་ཡང་དོ་དམ་མི་འདོར་བ་སོགས་རྒྱུན་འཁྱོངས་བྱས་ཏེ། ང་ཚོའི་མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། གནད་ཁེལ་ཇུས་བསྟར་འགུལ་སྐྱོད་ཀྱི་ལམ་བུ་ཇེ་བདེ་ཇེ་སྙོམས་སུ་གྱུར་པ་མཐོང་ཐུབ།
ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་བཏོན་ནས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར། མཚོ་སྔོན་གྱིས་བློ་ཐག་རྦད་ཆོད་སྒོས་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་བཙུགས་ཏེ། དབུལ་ཕོངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཁྲོད་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་མྱོང་དུ་འཇུག་བཞིན་པ་ང་ཚོས་གསལ་པོར་ཚོར་ཡོད། །
ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོའི་ཁྲོད་དྲིལ་སྒྲོག་སློབ་གསོ་རྒྱུན་འཁྱོངས་བྱས་ཏེ། “གནས་དགུ་རུ་སྐྱོད་པ”ཡི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་རྒྱ་བསྐྱེད་དེ། སྤྱི་ཚོགས་ཡོངས་ཀྱི་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གདེང་འཇོག་བྱེད་པ་དང་། མི་ཚང་མ་མཐུན་སྒྲིལ་གྱི་དཔེ་ལེགས་བྱེད་པར་བརྩོན་པའི་རྣམ་པ་བཟང་བོ་ཞིག་ཆགས་ཡོད་ལ། རིགས་སོ་སོའི་མང་ཚོགས་ལ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང་། “ངོས་ཟིན་ལྔ”དང“སྲུང་སྐྱོང་ལྔ”ཡི་འདུ་ཤེས་བརྟན་པོ་ཚུགས་པར་སྣེ་ཁྲིད་བྱས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།