རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ནི་རང་རྒྱལ་གྱི“སྲུང་ཡོལ་གཅིག་དང་རྒྱུད་གཉིས”ཀྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་ཀྱི་གོ་གནས་ལྡན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད། རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་མ་དངུལ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་བོའི་ས་ཁུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བ་ཐོག་མར་ བཀག་འགོག་བྱས་ནས། ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་མ་ལག་གི་སྤྱི་ཁོག་གྲུབ་ཆར་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་ལ། སྤྱི་ཡོངས་ཀྱི་སྐྱེ་ཁམས་ནུས་པ་རིམ་བཞིན་སླར་གསོ་བྱུང་བ་དང་། སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པ་བརྒྱུད་ལས་གཞི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད། གཙང་འབྱུང་ཡུལ་དང་མདོ་ལ་རི་བོའི་མཐོ་གྲང་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པར་རྙོག་འཛིང་རང་བཞིན་དང་། ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལྡན་པ་མ་ཟད། དུས་ཡུན་ཐུང་ངུ་ཙམ་མིན་པར་ལོ་བཅུ་ཕྲག་ཁ་ཤས་དང་ཐ་ན་ལོ་བརྒྱ་ཕྲག་རིང་མུ་མཐུད་དུ་འབད་བརྩོན་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་དྲག་པོར་འཕྲད་ཡོད་ཅེས་བསྟན་ཡོད།
མཚོ་སྔོན་འཐུས་ཚབ་ཚོགས་པས་གཙང་གསུམ་འབྱུང་ཡུལ་གྱི་དུས་ཐེངས་གསུམ་པའི་ལས་གཞི་དང། མདོ་ལ་རི་བོའི་དུས་ཐེངས་གཉིས་པའི་ལས་གཞི་གཉིས་རྒྱལ་ཁབ་ཀྱི་འཆར་འགོད་ནང་འཇུག་པ་དང་། སྣ་མང་ཅན་གྱི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཀྱི་ཁ་གསབ་རྐྱེན་སྲོལ་དང་ད་ཡོད་ཀྱི་ཁ་གསབ་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས་པའི་གྲོས་གཞི་བཏོན། །
འཐུས་ཚབ་ཚོགས་པས་ད་དུང་མཚོ་སྔོན་དེ་རྒྱལ་ཁབ་སྤྱི་གླིང་གི་གཙོ་གཞི་ཡིན་པའི་རང་བྱུང་ཁམས་སྲུང་སྐྱོབ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་ལ་གལ་ཆེ་བས། དེ་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱེད་པའི་ཞིང་ཆེན་ཐོག་མ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཟུང་ལྡན་ལམ་ལུགས་ཚོད་ལྟ་བྱེད་པའི་ཞིང་ཆེན་ཐོག་མའང་ཡིན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ངོས་ཟིན་ཐད་ ཚད་མཐོའི་གཅིག་གྱུར་བྱུང་ནས། རང་འགན་རང་སྒྲུབ་དང་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་འཆར་འགོད་སྒྲིག་བཟོ་དང་བརྟག་དཔྱད་ཞིབ་འཇུག བཅའ་ཁྲིམས་སྒྲིག་སྲོལ། སྐྱེ་ཁམས་ལས་གཞི་སོགས་འཛུགས་སྐྲུན་འགན་ཁུར་གཅིག་གྱུར་ངང་སྐུལ་འདེད་བཏང་ནས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་འདེད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། དོ་དམ་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་སྒྲིག་གཞི་འཁོར་སྐྱོད་ཉིན་རེར་ལུགས་མཐུན། དོ་དམ་ཆུ་ཚད་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ནས་ཚོད་ལྟའི་ནུས་པ་རིམ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། ཡིན་ནའང་དངུལ་གཏོང་ཐད་གནོན་ཤུགས་ཆེ་བ་དང་འཇོན་མི་མི་འདང་བ་སོགས་ཀྱི་དཀའ་ཁག་ལ་འཕྲད་ཡོད།
འཐུས་ཚབ་ཚོགས་པས་གྲོས་ཞིབ་བརྒྱུད། ཀྲུང་དབྱང་གིས་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྣ་མང་རང་བཞིན་གྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་བཙུགས་ནས། ནོར་སྲིད་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་དང་ཁྱོན་ཡོངས་རང་བཞིན་གྱི་མཛུབ་སྟོན་གནང་དགོས་པའི་གྲོས་གཞི་བཏོན།
འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད། ཞིང་སྡེ་དར་སྤེལ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏོང་བའི་བྱ་བའི་འཆར་གཞི》འགྲེམ་སྤེལ་བྱས་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་འགན་ཁུར་ལ་རྐང་བཙུགས་སྟེ། སྤྱི་གླིང་དངོས་སུ་འཛུགས་པའི་སྔོན་འགྲོའི་བྱ་བར་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་མ་ལག་རང་བཞིན་གྱི་བཀོད་འདོམས་བྱས་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ལྟར་ད་ལོར་འཛུགས་ཐུབ་པའི་གནས་ཚུལ་གྱིས་མི་མང་པོར་སེམས་ཤུགས་བྱིན་པ་དང་མཚོ་སྔོན་གྱིས་རྒྱལ་ཡོངས་སྔོན་རྩིས་ཁྲོད་ཀྱི་མ་དངུལ་ཐོག་མ་དེ་བླངས་ཡོད།
མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ལས་འགན་ཆེ་ལ་འགན་ཁུར་ལྗིད། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མ་ལག་གི་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་མ་ལག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་ཁྱོན་ཆེན་པོས་ཁོར་ཡུག་ལྗང་མདོག་ཅན་དུ་སྒྱུར་ཏེ། ཡངས་ཞིང་ཆེ་བའི་མཐོ་སྒང་ལ་གསོན་ཤུགས་མི་དམན་པ་བསྩལ་བས། རིགས་སོ་སོའི་མང་ཚོགས་ཀྱི་ལྗང་མདོག་ཐོབ་ཚོར་མངོན་གསལ་གྱི་ཇེ་མཐོར་བཏང་ཡོད་ལ། མཚོ་སྔོན་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མི་རེ་རེའི་སེམས་སུ་ཟུག་ཡོད།
ལྗང་མདོག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་བསྟུན་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་ཁུར་ཕྲག་ཏུ་བླངས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་བཟང་ལས་ཇེ་ཞན་དུ་མི་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དང་གཙོ་གཞི་བྱེད་ནུས་ཁུལ་གྱི་འཆར་འགོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད“སྲུང་སྐྱོབ་བྱ་སྤྱོད་སྤེལ་ནས། “འབྱུང་ཡུལ་གྱི་འགན་འཁྲི“རྒྱུན་སྲུང་བྱེད་དགོས། མཚོ་སྔོན་གྱི“གླིང་སྣེའི་ས་ཁུལ་སྲུང་སྐྱོབ“བྱ་བ་ལེགས་པོར་སྒྲུབ་པ་དང་ལོ་གསུམ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་འཆར་འགོད་བཟོ་བ། ས་གནས་ཀྱི་རང་བྱུང་སྲུང་སྐྱོབ་ཁྲིམས་སྲོལ་བྱ་བར་སྐུལ་འདེད་གཏོང་བ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་མ་ལག་གི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། མུ་མཐུད་དུ་སྐྱེ་ཁམས་ལས་གཞི་གཙོ་བོ་དོན་འཁྱོལ་བྱེད་པ་དང་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་སྒྱུར་བྱས་ཏེ། བྱེ་ཐང་དང་ས་ནག་ཐང་། ན་འདམ་བཅས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ས་རྒྱུའི་གནོད་འཚེ་བཅོས་སྐྱོང་དང་གཏེར་ཁའི་ས་རྒྱུ་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་དང་། ཁོར་ཡུག་ལྗང་མདོག་དང་མཁའ་དབུགས་དག་གཙང་གི་བསྡུར་ཚད་ཇེ་མཐོར་གཏོང་དགོས།
གཙང་གསུམ་འབྱུང་ཡུལ་ནས་མདོ་ལ་རིང་མོ་དང་། མཚོ་སྔོན་པོ་ནས་ཁུ་ནུ་རི་བོ་སོགས་མཐོ་སྒང་གི་ཡུལ་གྲུ་འདིར། ང་ཚོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་མ་ཟད། མཚོ་སྔོན་གྱིས“རྒྱལ་ཁབ་སྤྱི་གླིང“གི་མིང་ཐོག་ནས་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཕྱོགས་སུ་གོམས་སྟབས་བསྒྱུར་བཞིན་པ་དེ་མཐོང་བས་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།
ལོ་ཙཱ།སྒྲོལ་མ་སྐྱིད།