མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གྲོས་གཞི་མང་པོ་བཏོན།
2020.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིས་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་རྨ་ཆུའི་འབྱུང་ཁུངས་ཡིན་ལ། ས་ཁོངས་ནང་གི་བཞུར་ཆུའི་རིང་ཚད་ཀྱིས་རྨ་ཆུའི་རིང་ཚད་ཡོངས་ཀྱི36%ཟིན་ཡོད། དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་རླིང་ངང་བསྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཚོ་སྔོན་དང་ལྷག་པར་དུ་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་འཐབ་ཇུས་མཐའ་འཁྱོངས་དང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། དོ་དམ་རྐྱེན་སྲོལ་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་བཏང་ལ། ལྷག་པར་དུ་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁག་གཅིག་གཅིག་སྡུད་སྒོས་ལག་བསྟར་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཐོག་མ་འཇོག་གྲངས་ཀ་ཆེ་ཤོས་ཤིག་ཡིན་པ་རེད། མིག་སྔར་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དེ་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཁུལ། སྲིད་འཛིན་ཨུ་ལྷན།)ཚང་མར་ཁྱབ་ནས་གཙོ་བོ་ཞང་དང་གྲོང་རྡལ་དུ་རྒྱ་བསྐྱེད་བཞིན་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བཟོ་བའི་སྒྲིག་བཀོད་མངོན་གསལ་གྱིས་མི་འདང་བ་དང་། གཙང་སེལ་ནུས་པ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་དམའ་བ། སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་མི་འདང་བ། ལས་གཞི་འཛུགས་སྐྲུན་གྱི་མ་གནས་མཐོ་བ། གཙང་སེལ་བཟོ་རྩལ་དང་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་གནས་ཡོད།

འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་འདི་རྒྱལ་ཁབ་ཀྱི་བཙོག་ཆུ་གཙང་སེལ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཚོད་ལྟ་བྱ་ཡུལ་ཆུང་གྲས་ནང་འཇུག་དགོས་པའི་གྲོས་གཞི་བཏོན།

འཐུས་ཚབ་ཚོགས་པས་ད་དུང་རྨ་ཆུའི་འབབ་རྒྱུད་དུ་སྐྱེ་ཁམས་ཁ་གསབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། རྒྱལ་ཁབ་ཀྱི“སྲུང་ཡོལ་གཉིས་དང་རྒྱུད་གསུམ”གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཆགས་སྟངས་ཁྲོད།  མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ནི“མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ”དང“ས་སེར་མཐོ་སྒང་ནས་སི་ཁྲོན་དང་ཡུན་ནན་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ”གྱི་གྲུབ་ཆ་གཙོ་བོ་དང་།  མིང་དོན་མཚུངས་པའི་ཀྲུང་ཧྭའི“ཆུ་མཛོད”ཡིན།  རྨ་ཆུའི་འབབ་རྒྱུད་ཀྱི་ནུབ་རྒྱུད་ས་ཁུལ་དང་།  མི་རིགས་ས་ཁུལ།  འཕེལ་རྒྱས་ཞན་པའི་ས་ཁུལ།  སྐྱེ་ཁམས་གལ་ཆེན་ཁུལ་གྱི་ཁྱད་ཆོས་བཅས་གཞི་གཅིག་ཏུ་འདུས་ཡོད་པ་དང་།  ལྷན་སྐྱེས་ཀྱི་ཞན་ཆ་མང་བས་ཕྱི་རོལ་ཡུལ་གྱི་ཚོད་འཛིན་ཐེབས་ཡོད་ལ།  རྗེས་སུ་གསོ་སྐྱོང་བྱེད་མ་ཐུབ་པས་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཡང་གནས་ཡོད།  ལྷག་པར་དུ་ས་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་།  སྐྱེ་ཁམས་སྲུང་སྐྱོབ་ས་ཁོངས་ཀྱི་ཁྱབ་ཁོངས་ཆེ་བ་དང་།  རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དམའ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཁོངས་འཕེལ་རྒྱས་དོན་གཉེར་བྱེད་པའི་འགལ་བ་ནུས་ལྡན་ངང་ཐོལ་བརྒལ་བྱེད་ཐབས་མེད་པ་རེད།

གྲོས་གཞིའི་ནང་། འཐུས་ཚབ་ཚོགས་པས་ཀྲུང་དབྱང་རིམ་པས《སྐྱེ་ཁམས་ཁ་གསབ་བྱ་བའི་སྲོལ་ཡིག》གང་མགྱོགས་ངང་བཟོས་ནས་ལམ་ལུགས་དང་སྲིད་ཇུས།  མ་དངུལ་བཅས་ཀྱི་མཉམ་ཤུགས་ཆགས་སུ་འཇུག་དགོས་པ་དང་།  ཀྲུང་དབྱང་ནོར་སྲིད་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤོ་སྒྱུར་གཏོང་སྤྲོད་བྱ་རྒྱུ་གསར་དུ་འཛུགས་དགོས་པ།  རྨ་ཆུའི་འབབ་རྒྱུད་ལས་བརྒལ་བའི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་ལ་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད།  ཆུའི་ཐོན་ཁུངས་དང་།  བྱེ་ཐང་།  རྨོ་ཞིང་སོགས་ཀྱི་ཐད་སྐྱེ་ཁམས་ཁ་གསབ་ཀྱི་ཚོད་ལྟའི་བྱ་བ་གང་མགྱོགས་ངང་སྤེལ་དགོས་པའི་བསམ་འཆར་བཏོན།

འཐུས་ཚབ་ཚོགས་པས་མུ་མཐུད་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཞིང་ ཕྱུགས་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“པུའུ་དང་ཞིང་ཆེན་གྱིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི”བསམ་འཆར་བཏོན་པར་ཞིང་ལས་དང་ཞིང་སྡེ་པུའུ་ཡི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ལ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་ཚེ་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ལྗང་མདོག་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། ཐོན་ཁུངས་བེད་སྤྱོད་ལ་སྐུལ་འདེད་གཏོང་བར་ཕན་འབྲས་དེ་བས་ཆེན་པོ་ཐོན་ཞིང་། ཞིང་ཕྱུགས་ལས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། “མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་གཏོད་པ་བཅས་ལ་ཕན་ཐོགས་ཡོད་པ་རེད།

ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གཏོད་པའི་ལས་དོན་གྱི་འགོ་ཡག་པོ་ཚུགས་པ་དང་། བྱེད་ཐབས་ནུས་ལྡན་ཡིན་པ། བཀྲག་མདངས་འཚེར་ས་མངོན་གསལ་དོད་པ། ཕན་འབྲས་རགས་ཙམ་ཐོབ་ཡོད་པ་སོགས་ཡིན་མོད། འོན་ཀྱང་སྤྱིའི་ཆ་ནས་བལྟས་ན། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་འགན་གསར་པ་དང་། གཞི་ཁྱོན་ཆེ་བ། དུས་ཚོད་ཐུང་བ་བཅས་ཀྱི་རྐྱེན་གྱིས་ཞིབ་ཕྲའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ད་དུང་ཡུན་ཕན་རྐྱེན་སྲོལ་བཙུགས་མེད་པ་དང་། སྤུས་རྟགས་འཛུགས་སྐྱོང་བལྟོས་བཅས་ཀྱིས་རྗེས་སུ་ལུས་པ། གཉེར་སྐྱོང་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་གཏོང་དགོས་པ། འཁོར་རྒྱུག་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལྷག་ཡོད།

འཐུས་ཚབ་ཚོགས་པས་ས་ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འབྲེལ་ཡོད་འཆར་འགོད་དང་། རྒྱལ་ཁབ་ཀྱི་ཆེད་དོན་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་སྟེ། རྒྱལ་ཁབ་ཀྱི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་རིམ་སྤོར་དང་། ཞིང་ལས་ཐོན་རྫས་ཟོག་འགྲེམས་ཡུག་སྦྲེལ་མ་ལག་འཛུགས་སྐྲུན། ཚན་རྩལ་གསར་གཏོད་ནུས་པའི་ཆ་རྐྱེན་འཛུགས་སྐྱོང་སོགས་ཀྱི་བཟོ་འགོད་དེ་དག་དཔེ་སྟོན་ཞིང་ཆེན་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དམིགས་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལུག་དང་། ནས། ཆུ་འཁྱག་ཉ། པད་ཁ།  འཕང་འབྲས་སོགས་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཐོན་ལས་ཁྱུ་ཚོགས་དང་རྫོང་ཁོངས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁག་ཅིག་འཛུགས་སྐྲུན་བྱེད་པར་མུ་མཐུད་ནས་རྒྱབ་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན་པ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།