མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ལྔ་སྦྲེལ་མཐུད་རྐྱེན་སྲོལ་བཙུགས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་རེད།
2020.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

 ཁྲིམས་འཛིན་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་བ་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ལམ། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་གཅིག་ཏུ།《མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་བའི་རྐྱེན་སྲོལ》པར་འགྲེམས་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་བསྣན་པ་རེད།

རྒྱུན་ལྡན་གྱི་འབྲེལ་གཏུག་རྐྱེན་སྲོལ་འཛུགས་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། འདྲ་མཉམ། འཆམ་མཐུན། ཡ་རབས་ཚུལ་ལྡན་བཅས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་དམིགས་འབེན་དུ་འཛིན་པ་དང་། རང་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་། བཅའ་ཁྲིམས་རོགས་སྐྱོར། ཁྲིམས་སྐྱོང་དྲིལ་སྒྲོག གཉེན་སྒྲིག་ ཁྱིམ་ཚང་གི་རྩོད་གཞི། མི་དམངས་འདུམ་འགྲིག་སོགས་ཀྱི་བྱ་བའི་ཁྱབ་ཁོངས་སུ་དུས་བཀག་གྲོས་མོལ་རྐྱེན་སྲོལ་བཙུགས་ནས། རྒྱུན་གཏན་གྱི་བྱ་བའི་ཁྲོད་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་རེད།

ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པའི་ཐད་ནས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་དེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ཁྲོད་འགོད་པར་མཉམ་དུ་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་བུད་མེད་མཉམ་འབྲེལ་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་དེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ནང་བཅུག་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་སྔར་བས་རྒྱ་བསྐྱེད་པ་དང་། ཞབས་ཞུའི་འབྲེལ་བ་རྒྱ་ཆེར་གཏོང་བ། ནུས་ཡོད་སྒོས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ་སོགས་ཀྱི་ཐད་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བྱས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་དང་དྲ་ཐོག་གི་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བའི་ཤོག་ངོས་དང་པོར་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་སྦྲེལ་མཐུད་བྱས་ནས།  བུད་མེད་ཀྱི་གནས་ཚུལ་དང་དམངས་འདོད་ཤེས་རྟོགས་ཐུབ་པ་དང་། བུད་མེད་ རྣམས་ཀྱི་བདེ་སྡུག་ཞུ་བ། ཁེ་ཕན་མཐུན་སྦྱོར་དང་ཁེ་དབང་སྲུང་སྐྱོབ་ཀྱི་བགྲོད་ལམ་ཐོག་ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་སྲུང་། མི་དང་རྒྱུ་ནོར་གཉིས་ཀའི་བདེ་འཇགས། གཉེན་སྒྲིག་ཁྱིམ་ཚང་སོགས་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱུས་ལོན་ཐུབ་པར་བྱས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲིམས་རྩོད་པའི་ལས་རེས་ལམ་ལུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཁྲིམས་རྩོད་པས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཐད་སྦྲེལ་ཁ་པར12338བསྡུ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་ཁྲིམས་རྩོད་པའི་ལས་རེས་འགྲོ་གྲོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་འགྲོ་གྲོན་ནང་འཇུག་པར་རྒྱབ་སྐྱོར་བྱས་པ་རེད།

ཁེ་དབང་སྲུང་སྐྱོབ་མཉམ་ལས་རྐྱེན་སྲོལ་འཛུགས་པའི་ཐད་ནས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཡུལ་བབ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་མི་ལུས་ཁེ་དབང་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས།  ནར་མ་སོན་པའི་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་། ཁྱིམ་ཚང་གི་དྲག་སྤྱོད། ལོ་ལོན་བདག་སྐྱོང་། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་བཤའ། བུ་ལོན་གྱི་འགན་འཁུར་བ་སོགས་ཀྱི་ཡིག་སྐུར་དང་ཞུ་གཏུག་ལ་དམིགས་ནས། བུད་མེད་དང་བྱིས་པའི་བཅའ་ཁྲིམས་རོགས་སྐྱོར་གྱི“ལྗང་མདོག་བགྲོད་ལམ”བཏོད་ཡོད། ནར་མ་སོན་པ་དང་། དབང་པོ་སྐྱོན་ཅན་བུད་མེད། བུད་མེད་རྒན་པ། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། བུད་མེད་ཞོར་ལས་པ་བཅས་བཅའ་ཁྲིམས་རོགས་སྐྱོར་བྱེད་ཡུལ་གཙོ་བོར་བཞག་སྟེ། སྔོན་ལ་བདག་སྤྲོད་བྱེད་པ་དང་། རེ་ཞུའི་གོ་རིམ་སྟབས་བདེ་རུ་གཏང་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རང་འགུལ་ངང་རིམ་པ་ཁག་གི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་འབྲེལ་མཐུད་བྱས་ཏེ།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་སྐུར་བྱེད་ཡུལ་གྱིས་བུད་མེད་དང་བྱིས་པའི་མི་ལུས་ཁེ་དབང་ལ་གནོད་འཚེ་ཐེབས་པ་དང་འབྲེལ་བ་ཡོད་པའི་གྱོད་དོན་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ཁྱབ་ཁོངས་སུ་བཅུག་སྟེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་ཐེབས་པར་འགན་སྲུང་བྱེད་སྐབས། དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་པར་སྐུལ་འདེད་བཏང་བ་རེད།

བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ནང་ཞུགས་པའི་བྱ་བའི་རྐྱེན་སྲོལ་འཛུགས་པའི་ཐད་ནས།  རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་དེ་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་བའི་གསོ་སྦྱོང་འཆར་གཞིའི་ནང་འཇུག་པ་དང་། རྫོང(གྲོང་ཁྱེར་དང་ཁུལ)གི་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཐུན་མོང་ཐོག་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་དེ་གཞི་རིམ་དུ་སེལ་གང་ཐུབ་བྱེད་པ་དང་། འགོ་ཁོངས་ནས་མེད་པར་བཟོས་ཏེ་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་རྫོང་རིམ་པར་ཁྱབ་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག“གྱོད་གཞིར་དམིགས་ནས་ཁ་གསབ་གཏན་འཁེལ་བྱེད་པའི”སྐུལ་ལྕག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་རེད།

མཉམ་འབྲེལ་ཁྲིམས་ལུགས་ཁྱབ་གདལ་དང་ཉེས་གསོག་སྔོན་འགོག་གི་ལས་ཀའི་རྐྱེན་སྲོལ་འཛུགས་པའི་ཐད་ནས།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་གཉེན་སྒྲིག་བཅའ་ཁྲིམས་དང་། བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས། ཁྱིམ་ཚང་གི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པ་རེད། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“བཅའ་ཁྲིམས་དགུ་སྤེལ”གྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། བུད་མེད་ཀྱི་དང་བླངས་ཞབས་ཞུ་ཤུགས་ཆེན་པོས་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་ཆ་འཕྲིན་སྙན་ཞུའི་ཤུགས་ཚད་ཆེ་རུ་གཏོང་དགོས་ཤིང་། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་མཉམ་ལས་བྱས་ཏེ་གཉེན་སྒྲིག་ཁྱིམ་ཚང་གི་བཅའ་ཁྲིམས་བྱ་བ་དམིགས་བསལ་དུ་འཛིན་པའི་ཁྲིམས་རྩོད་པའི་ལས་གཉེར་ཁང་སྐོར་ཞིག་ཐུན་མོང་ཐོག་བསྐྲུན་ནས། བུད་མེད་ཀྱི་ཁྱིམ་ཚང་དང་ཁེ་དབང་སྲུང་སྐྱོབ་ཞབས་ཞུའི་ས་ཚིགས་འཛུགས་པའི་རྣམ་པའི་ཐོག་ནས། བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་བའི་བུད་མེད་ཁྲིམས་རྩོད་པའི་བྱ་བའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་ཁྲིམས་རྩོད་པའི་དཔུང་ཁག་གི་ཆབ་སྲིད་ཁྲིད་སྟོན་དང་། དཔེ་སྟོན་སྐུལ་ཁྲིད། འབྲེལ་གཏུག་ཞབས་ཞུ་བཅས་ལ་ཤུགས་སྣོན་དགོས་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།