མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་མོ་རང་གི་ལག
2020.06.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

 བ་ལི་སྡེ་བ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་སྤྱི་ལེ7.5ཙམ་ཡོད་པའི་ཆུ་ཤར་ཡུལ་ཚོའི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པ་དང་། ཐན་སྐམ་ཆེ་ཞིང་ཆུ་དཀོན་ལ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཤིན་ཏུ་ཞན། 2015ལོར། སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་ཁུངས་མེད་ལ་སྡེ་བའི་ཁྱིམ་ཚང་ཡོངས་ཀྱི་མི་རེའི་ཡོང་འབབ་ཀྱང་ལོ་རེར་སྒོར4398.9ལས་མེད་པས། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་གྲས་སུ་བཞག་ཅིང་། སྡེ་བ་ཡོངས་ལ་བསྡོམས་པས་ཁྱིམ་ཚང89ཡོད་པ་ལས་ཁྱིམ་ཚང37དབུལ་ཕོངས་ཁྱིམ་ཚང་དུ་གཏན་ཁེལ་བྱས་ཡོད་པ་རེད།       ཉེ་ལམ།  གསར་འགོད་ཚན་ཆུང་ཆེད་དུ་སྡེ་བ་དེར་བཅར་འདྲིར་ཕྱིན།

པདྨ་དབང་རྒྱལ་ནི་བ་ལི་སྡེ་བའི་སྡེ་མི་ཞིག་ཡིན་ལ། ད་ལོར་ལོ36ལ་སོན་ཡོད་པའི་ཁོར་མཚོན་ནས་བཤད་ན། མ་གཞི་ནས་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པའི་ཁར་དོན་རྐྱེན་སྣ་ཚོགས་བྱུང་སྟེ། ཨ་ཕ་དང་ནུ་བོ་གཉིས་ཀ་དབང་པོ་སྐྱོན་ཅན་དུ་གྱུར་སྟབས། རང་གི་ཁྱིམ་ཚང་སྐྱོང་དགོས་པའི་ཁར་ནུ་བོའི་ཁྱིམ་ཚང་སྐྱོང་རྒྱུའི་འགན་ཁུར་དེ་ཡང་ཕྲག་ཏུ་ལྷུང་བས། རེ་ཞིག་ཁོའི་འཚོ་བ་ལ་ཁ་ཕྱོགས་བོར་ཞིང་མི་ཚེ་ལ་དམིགས་ཡུལ་མེད་པར་ལུས་པ་དང་། སྡེ་བའི་ནང་གི་དབུལ་པོ་དབུལ་ནག་གི་གྲས་སུ་ལྷུང་། ཡིན་ནའང་། སྟབས་ལེགས་པ་ཞིག་ལ། 2015ལོར་གོང་རིམ་གྱིས་ཁྱིམ་ཚང་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་དབུལ་སྐྱོར་གྱི་སྲིད་ཇུས་ལེགས་པོ་དངོས་འབེབས་བྱེད་མགོ་བརྩམས་པས། ཁོ་ཚང་གི་ཨ་ཕ་དང་ནུ་བོ་གཉིས་ཀྱང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་སྟེ། སོ་སོར་ལོ་རེར་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་མ་དངུལ་སྒོར2800རེ་བྱིན་པར་མ་ཟད། ཕ་ཡུལ་གྱི་རྩྭ་སྲུང་བའི་ལས་གནས་བགོས་པ་དེར་ཡང་ལོ་རེར་གླ་ཕོགས་སྒོར21600ཡོད་པ་དང་། ལོ་སར་སྐབས་ཀྱི་རྒྱུན་མཁོའི་དངོས་རྫས་དང་རོགས་དངུལ་སོགས་བྱིན་པ་དེས།  ཁོའི་འཚོ་བར་སླར་ཡང་རེ་བའི་འོད་སྣང་སྦྱིན་ཞིང་ཡིད་ཆེས་ཀྱི་ས་བོན་བཏབ།“མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་མོ་རང་གི་ལག”ཟེར་བའི་དཔེ་ལྟར། ལས་ཀྱི་དབང་གིས། པདྨ་དབང་རྒྱལ་ལོ་ན་གཞོན་པའི་དུས་ནས་ཁོ་རང་གི་ན་ཚོད་ཀྱིས་ཐེག་དཀའ་བའི་འགན་འཁྲི་དང་དོན་རྐྱེན་སྣ་ཚོགས་ཤིག་བརྒྱུད་ཀྱང་། 2016ལོར། ཁོས་རྒྱལ་ཁབ་ཀྱིས་ཨ་ཕ་དང་ནུ་བོར་རོགས་སྐྱོར་དུ་གནང་བའི་སྒོར་མོའི་ཁར་ད་དུང་རང་ཉིད་ཀྱིས་ཀྱང་ཡར་མར་ལ་སྒོར་མོ་འགའ་རེ་བསྐྱིས་ཏེ་བ་མོ4ཉོས་ནས་གསོ་སྤེལ་བྱེད་མགོ་བརྩམས་པ་དང་། དེ་ནི་ཁོ་རང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་གོམ་པ་དང་པོ་ཡིན་ལ། ད་ལྟ། པདྨ་དབང་རྒྱལ་གྱིས་སྔར་བསྐྱིས་ཡོད་པའི་སྒོར་མོ་ཡོངས་རྫོགས་ཕྱིར་སྤྲད་ཚར་ཡོད་པར་མ་ཟད། ལོ་བཞིའི་སྔོན་གྱི་བ་མོ4པོ་དེ་ཡང་བ་གླང26དུ་འཕེལ་ཡོད་ཅིང་། བ་གླང་གཅིག་ལ་མ་མཐའ་ཡང་སྒོར7000ནས8000བར་བྱས་ཏེ་འཚོང་ཐུབ་ཀྱིན་ཡོད་ལ། ན་ནིང་བ་གླང་དྲུག་བཙོངས་པར་སྒོར་ཁྲི5ཡི་ཡོང་སྒོ་རེག་ཐུབ་ཡོད་པ་རེད། དེར་མ་ཟད་ཁོས་ཟོང་འགྲུལ་ཀུང་སི་ཞིག་ཏུ་མ་རྐང་ཉུང་ཙམ་ཞིག་བཞག་ཡོད་པ་དང་། དེ་ལའང་ལོ་རེར་སྒོར་ཁྲི5ནས6བར་གྱི་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡོད་པས། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ལེགས་པོའི་རྒྱབ་སྐྱོར་དང་རོགས་འདེགས་ལ་བརྟེན་པའི་ཁར། ཁོ་རང་གིས་ཀྱང་ནུས་ཚོད་ཀྱིས་བ་མོ་གསོ་སྤེལ་དང་མ་རྐང་འཇོག་པ་སོགས་ཀྱི་ལས་ལ་འབད་དེ་འཚོ་བའི་མཐུན་རྐྱེན་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པས། ད་ལྟ་ཁོ་ཚང་གི་གོ་ཁ་དྲོ་མི་དྲོའི་དོན་ལ་སེམས་ཁུར་བྱེད་མི་དགོས་ལ། ཁོ་དང་ཁོས་སྙོར་སྐྱོང་བྱེད་ཀྱིན་པའི་ནུ་བོའི་ཁྱིམ་ཁ་གཉིས་ཀྱི་མི་བདུན་པོ་དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ་གོ་ཁ་བུ་དང་སྒོ་ཁ་རྒྱུ་ཡིས་བཀང་ཡོད་ཅེས་བརྗོད་ཆོག “རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པ་དེ་ང་ལ་མཚོན་ན་དངོས་གནས་མུན་ནག་ནང་ནས་ཉི་འོད་མཐོང་བ་དང་ཨ་ན་མ་ན་རེད།    ད་ལྟ་ངེད་ཚང་ལ་བ་མོ་ཅུང་མང་པས། ལན་རེར་སྡེ་བའི་ནང་གི་ལོ་ལོན་དང་བྱིས་པ་སོགས་ལ་འོ་མ་རེ་དགོས་ཚེ། ངས་ཁོ་ཚོར་རིན་མི་ལེན་པར་སྟེར་གྱིན་ཡོད”ཅེས་པདྨ་དབང་རྒྱལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ནམ་ཡང་སེམས་སུ་སྒོམ་ཞོར་རང་གིས་ཀྱང་ནུས་ཚོད་ཀྱིས་སྡེ་བའི་རུ་ཁ་ཁྱིམ་མཚེས་བར་ལ་རོགས་རམ་ཕྲན་ཙམ་བྱེད་ཅི་ཐུབ་ལ་འབད་ཀྱིན་ཡོད།  གཞན་ཡང་ད་ལོའི་ལོ་མཇུག་ཏུ། ཁོར“ཁྱིམ་གཞིས་ཕྱུགས་ར”གསར་པ་འཛུགས་པ་དང་། ཁང་པ་གསར་པ་ལས་པ་སོགས་ཀྱི་འཆར་གཞི་མང་པོ་ཞིག་ཡོད་ལ། པདྨ་དབང་རྒྱལ་གྱིས“ད་ལྟ། ངེད་ཚང་ལ་ནམ་ཡིན་ཡང་བྲེལ་འཚུབ་ཆེ་བའི་སྟོན་དུས་དང་འདྲ་བར་སོས་དལ་བག་ཕེབས་ཀྱི་དུས་ཤིག་མེད་མོད། འོན་ཀྱང་ལྟོ་རྒྱབ་ལ་འདང་རྒྱག་མེད་ན་སྡུག་མྱོང་དགོས་ཀྱང་སེམས་དངོས་གནས་སྐྱིད་པོ་རེད”ཅེས་གསར་འགོད་པར་དེ་ལྟར་བརྗོད་སྐབས་ཀྱི་གདོང་གི་ཡིད་ཚིམ་པའི་རྣམ་འགྱུར་དང་མིག་མདངས་ལས་ཁོའི་ནང་སེམས་ཀྱི་བདེ་སྐྱིད་དེ་ང་ཚོས་ཀྱང་ཚོར་ཐུབ་པ་ཞིག་རེད།

ད་ལྟ། བ་ལི་སྡེ་བའི་ཁོ་ཚང་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་གཞན་དག་ཀྱང་དབུལ་ཕོངས་ལས་ཡོངས་སུ་ཐར་ཡོད་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་སོ་སོ་ནས་སྤྱི་བསྡོམས་པས་ཕྱུགས་ཟོག2000ལྷག་གསོ་བཞིན་ཡོད་ལ། ཕྱུགས་ར32གསར་དུ་ལས་ཡོད་ཅིང་། ལོ་རེར་ཕྱུགས་ཟོག700ཡས་མས་ཕྱིར་འཚོང་བྱེད་ཀྱིན་ཡོད། སྡེ་བ་ཡོངས་ཀྱི་ཞིང་སའི་རྒྱ་ཁྱོན་ལ་མུའུ1664.9ཡོད་པ་དང་རྩྭ་སའི་རྒྱ་ཁྱོན་ལ་མུའུ49128བཅས་ཡོད་ལ། སྡེ་བའི་ནང་དུ་ཨར་འདམ་གྱི་གཞུང་ལམ་ལས་ཏེ་འགྲིམ་འགྲུལ་སྟབས་བདེ་པོ་བཟོས་ཡོད་པར་མ་ཟད། ཁྱིམ་ཚང་སོ་སོར་རང་འབབ་ཆུ་འཐེན་ནས་འཐུང་ཆུ་དཀོན་པའི་གནད་དོན་ཡང་ཡོངས་སུ་ཐག་བཅད་ཡོད་པ་རེད། གློག་འཐེན་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པ་དང་། སྡེ་བའི་ཁྱིམ་ཚང་མང་ཆེ་བར་སོ་ཕག་གིས་གྲུབ་པའི་ཁང་པ་གསར་པ་ལས་ཡོད་ལ། ཁང་པའི་ནང་དུའང་དེང་རབས་ཀྱི་སྣོད་ཅ་ལག་མང་པོ་བསྒྲིགས་ཡོད། གཞན་ད་དུང་ཆུ་བྱ་ཐང་ཆེན་ཞེས་པའི་ཐང་ཆེན་ཞིག་ཀྱང་གསར་དུ་ལས་ཡོད་པས། བ་ལི་སྡེ་བའི་ཕྱིའི་བཀོད་པར་ཡང་སྔ་ན་མེད་པའི་མཛེས་ཉམས་ཤིག་མངོན་འདུག

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།