སྔོན་ཆད་རྨི་ལམ་དུའང་འཁོར་མ་མྱོང་བ་དེ་ད་ལྟ་མངོན་སུམ་དུ་གྱུར།
2020.06.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 —གཅན་ཚ་རྫོང་གཅན་ཚ་ཐང་ཞང་གི་དབུལ་ཐར་འགག་སྒྲོལ་གྱི་གནས་ཚུལ་རགས་བཀོད།

བདེ་སྐྱིད་ཀྱི་འཚོ་བ་ནི་གྲོང་ཁྱེར་གྱི་སྡོད་དམངས་ཁོ་ནར་གཏོགས་པ་ཞིག་མ་ཡིན་པར། གྲོང་ཁྱེར་དང་བསྡུར་ན་ས་བབ་མཐོ་ཞིང་བར་ཐག་སྤྱི་ལེ་བརྒྱ་ཕྲག་གིས་ཆོད་པའི་འབྲོག་པ་མང་ཚོགས་མཁར་གྲོང་དུ་གནས་སྤར་ནས། གཏན་སྡོད་བྱེད་པ་དང་རི་མ་ས་ཁུལ་གྱི་མང་ཚོགས་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཀྱི་ལམ་དུ་ཞུགས་ནས་བདེ་སྐྱིད་ཀྱི་ལམ་དུ་སྙེག་བཞིན་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་གི་འབྲོག་པ་མང་ཚོགས་ལ་མཚོན་ན། མི་རབས་ནས་མི་རབས་བར་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ཏེ་ཕྱུགས་འཚོ་བའི་ལོ་ཟླ་དང་ཁ་གྱེས་ནས། མཁར་གྲོང་གི་གྲུ་ཟུར་རེ་ན་དེང་གི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཤིང་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་འདུག

མཐོན་པོ་རི་དང་དམའ་མོ་གཞུང་གི་དཀྱོག་ལམ་བཅོ་བརྒྱད་བརྒྱུད་ནས་སོང་བ་ན། ཡངས་པའི་རྩྭ་ཐང་གི་དབུས་སུ་མུ་ཏིག་ས་ལ་འཕོས་འདྲའི་དེང་རབས་བོད་ལུགས་འཛུགས་སྐྲུན་ཁྱད་ཆོས་ཀྱིས་ཕྱུག་པའི་ས་སྒ་ཉག་ག་སྡེ་ཁུལ་གྱིས་ང་ཚོའི་མིག་དབང་འཕྲོག་པར་བྱས།

ས་སྒ་ཉག་ག་ནི་གཅན་ཚ་རྫོང་ནུབ་ཕྱོགས་ཀྱི་གཅན་ཚ་ཐང་ཞང་དུ་ཆགས་ཤིང་། གཅན་ཚ་རྫོང་གི་ཞང་དང་གྲོང་རྡལ9ཡི་ནང་གི་ཕྱུགས་ལས་རྐྱང་པ་གཉེར་བའི་ཞང་ཞིག་ཡིན། རྒྱུས་ལོན་པ་ལྟར་ན། 2019ལོའི་ལོ་མཇུག་བར་གཅན་ཚ་ཐང་ཞང་དུ་ཁྱིམ་ཚང1301དང་མི་གྲངས5866ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང495དང་མི་གྲངས2003ལ་སླེབས་ནས་གཅན་ཚ་རྫོང་གི་དབུལ་ཕོངས་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད།

“མི་རབས་ནས་མི་རབས་བར་རྩྭ་ཐང་དུ་འབྲོག་པའི་ཕྱུག་རྫིའི་འཚོ་བ་རོལ་ནས་ཡོང་བ་ཡིན། བཟའ་མི་གང་པོ་དབྱར་དང་སྟོན་ཀའི་དུས་སུ་སྦྲ་གུར་དང་འགྲོགས་ནས་ཡུལ་ངེས་མེད་འགྲིམ་པ་དང་། དགུན་དང་དཔྱིད་ཀའི་དུས་སུ་ས་ཁང་དུ་སྡོད་པ་ཙམ་ཡིན། ཡིན་ཡང་ཁང་པའི་ནང་དུ་དགུན་གྱི་གྲང་ངར་མི་ཁོག་པ་དང་དབྱར་གྱི་ཆར་ཆུ་མི་ཁགས་པའི་ལོ་ཟླ་ནི་དངོས་གནས་བརྗེད་དཀའ་བ་ཞིག་རེད།”ལོ་ན་བདུན་ཅུར་ཉེ་བའི་ཨ་ནེ་ལྷ་མོ་འཚོས་ར་སྐོར་ཅན་གྱི་ཁང་པའི་ལྷས་རའི་ནང་སྔོ་ཚལ་བཀྲུས་ཚར་རྗེས། ཕྱིར་འགྲུལ་ཁང་དུ་ལོག་ནས་ཇ་བསྐོལ་བར་བྲེལ་བཞིན་འདུག

དུས་བཞིར་ཕྱུགས་རྗེས་སྙེག་པའི་འབྲོག་པ་ཞིག་ལ་མཚོན་ནས་བཤད་ན། རི་བོའི་སྐེད་དང་ལུང་པའི་ཕུགས་སུ་ཐར་ཐོར་དུ་གནས་ཡོད་པའི་ཁར། འགྲིམ་འགྲུལ་སྟབས་མི་བདེ་ལ་སྡེ་བ་རིམ་པའི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་། གནམ་གཤིས་ཀྱི་འགྱུར་བག་ལྟར་ཡུལ་ངེས་མེད་འགྲིམ་པའི་ཕྱུགས་རྫིའི་འཚོ་བ་ནི་ཅི་འདྲའི་ཐབས་སྡུག་ཞིག་ཡིན་པ་ཁོ་ཚོའི་ཕྱིར་དྲན་གྱི་གཏམ་རྒྱུད་ལས་རྟོགས་འོང་། དེང་སྐབས་དེ་ལས་ལྡོག་སྟེ་མཁར་གྲོང་དུ་གནས་སྤར་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་པ་དེ་ཨ་ནེ་ལྷ་མོ་འཚོ་ཚང་གི་སླ་ངའི་ནང་ལྷོག་ལྷོག་གདུ་བཞིན་པའི་ཤ་དང་སྔོ་ཚོད་འདྲེས་མའི་ཉིན་གུང་གི་ཟ་མས་ཀྱང་གསལ་པོར་ཤེས་ཐུབ།

འཚོ་བ་སྐྱིད་པོ་ཡིན་མིན་དེ་ས་གནས་ཀྱི་མང་ཚོགས་རང་ལ་མྱོང་ཚོར་ཟབ་མོ་ཡོད་པ་ནང་བཞིན། ས་སྒ་ཉག་གའི་མང་ཚོགས་ལ་སྐྱིད་ཐོག་ལ་ཉི་མ་ཤར་བའི་ལོ་ནི་ལོ4ཡི་སྔོན་ནས་བཟུང་ཡིན་པ་ས་དེའི་རྒན་གཞོན་ཚང་མས་མ་གྲོས་གཅིག་མཐུན་གྱིས་བཤད་བྱུང་།

གནད་ཁེལ་དབུལ་སྐྱོར་ལག་བསྟར་བྱས་པའི་ཚུན་དུ། གཅན་ཚང་ཐང་ཞང་གིས་ས་བབ་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལག་ལེན་དུ་བསྟར་ནས། དབུལ་ཕོངས་ཁྱིམ་ཚང་ལ་ཡིག་ཚགས་བཟོས་ཏེ་གནས་སྤོར་བཀོད་སྒྲིག་བྱེད་པ་དང་ཐོན་ལས་ར་བ་འཛུགས་པ། དེ་མིན་ཞིང་སྡེའི་ཡུལ་སྐོར་ཐོན་ལས་བཅས་གསོ་སྐྱོང་བྱས་པ་བརྒྱུད་ལོ་འགའི་དུས་ཡུན་ནང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་རེད།

མཚོ་སྔོན་ཞིང་ཆེན་ནི་དབུལ་ཕོངས་ཀྱི་མི་གྲངས་མང་ཞིང་དབུལ་ཕོངས་སུ་གྱུར་ཚད་ཧ་ཅང་མཐོ་བའི་ས་ཁུལ་ཞིག་ཡིན་ལ། བསྡོམས་པས་དབུལ་ཕོངས་རྫོང་དང་གྲོང་ཁྱེར42ཡོད་ཅིང་། དེའི་ནང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང15ཡོད། དབུལ་ཐར་མཁྲེགས་གཏོར་དམག་འཐབ་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་གྱིས“ལོ་ངོ་བཞིའི་རིང་གཅིག་བསྡུས་མཁྲེགས་གཏོར་དང་། ལོ་གཅིག་རིང་སྲ་བརྟན་མཐོར་འདེགས་གཏོང་བའི”སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས།“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ཚད་གཞིར་དམ་པོར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་མཁྲེགས་གཏོར་ལ་སྐུལ་འདེད་ནུས་ལྡན་བཏང་མཐར་དབུལ་ཕོངས་ཉུང་འཕྲིའི་ཕན་འབྲས་ལོ་རེ་བཞིན་མངོན་གསལ་དུ་གྱུར།

ད་ལོ་ནི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པའི་ལོ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་གཅིག་བསྡུས་མཁྲེགས་གཏོར་དང་ཕྱིར་འཐེན་གོ་རིམ་ལག་བསྟར་བྱས་པ་བརྒྱུད། ད་ལོར་རྫོང17བདེ་བླག་ངང་དབུལ་ཕོངས་ལས་ཐར་པ་དེས་མཚོ་སྔོན་གྱི་དབུལ་ཕོངས་རྫོང་དང་གྲོང་ཁྱེར42དང་། དབུལ་ཕོངས་སྡེ་བ1622། དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གསུམ་སྟོང་དགུ་དབུལ་ཕོངས་ལས་ཐར་ཏེ་བལྟོས་བཅས་ཀྱིས་དབུལ་ཕོངས་གནད་དོན་ཁྱོན་ཡོངས་ནས་གཙང་སེལ་བྱེད་པ་མངོན་འགྱུར་བྱུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནི་ད་ལོ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ལས་ཕྱིར་འཐེན་བྱས་པའི་རྫོང17གྲས་ཀྱི་རྫོང་ཞིག་ཡིན།

2017ལོ་ནས་བཟུང་། ཨ་ནེ་ལྷ་མོ་འཚོ་བཟའ་མི་ཡོངས་རྩྭ་ཆུ་ཁོ་ནར་བརྟེན་པའི་འཚོ་བར་ཁ་བྲལ་ནས། གཅན་ཚ་ཐང་ཞང་གི་རྐང་མོ་སྡེ་བ་དང་། བདེ་སྐྱིད། ལོ་བ། སྐར་ལྔ་སྡེ་བའི་མང་ཚོགས་དང་མཉམ་དུ་ས་སྒ་ཉག་གའི་གནས་སྤོར་བཀོད་སྒྲིག་ས་ཚིགས་སུ་གནས་སྤར་བ་རེད།

ཡུལ་ལུང་སོ་སོ་ན་ཐར་ཐོར་གནས་པའི་འབྲོག་པ་མང་ཚོགས་ལ་དུས་བཞིར་གཏན་སྡོད་བྱས་ཆོག་པའི་ཁང་གསར་རེ་ཡོད་པར་གྱུར།“ང་རང་ལོ་ཆེ་བའི་ཁར་ད་དུང་རུས་ཚིགས་ ཀྱི་ནད་ཡོད་པས། འདི་ལྟ་བུའི་ཁང་པ་ཆེན་པོའི་ནང་འདུག་ཐུབ་པ་བྱུང་བ་སྔོན་ཆད་ཡིད་ལའང་ཤར་མ་མྱོང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་འཚོ་བ་དངོས་གནས་སྐྱིད་པོ་རེད”ཅེས་ཨ་ནེ་ལྷ་མོ་འཚོས་ལག་པ་འབོལ་ཁྲིའི་ཟུར་དུ་བསྙེས་ནས་ཡར་ལངས་ཞོར། སྔུན་ལ་གོམ་པ་འགའ་སྤོས་ཏེ་ཁོ་ཚང་གི་ཁང་པ་རེ་རེ་བཞིན་མཚམས་སྦྱོར་བྱས་སོང་།

“ངེད་ཚང་འདིར་གནས་སྤར་ཡོང་དུས་ཉལ་སྟན་དང་ཅ་ལག་སྐོར་ཞིག་ལས་འཁྱེར་ཡོང་མ་དགོས་པ་འདྲ། སོ་ཕག་དང་ཤིང་གིས་གྲུབ་པའི་ཁང་གསར་འདི་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་ལྕགས་ཐབ་དང་ཚ་ཐབ་ཀྱང་སྲིད་གཞུང་གིས་ལས་ནས་བཞག་ཡོད།”

མཚོ་ངོས་ལས་སྨི3400ལྷག་ཡོད་པའི་མཐོ་སྒང་དུ་སྔོ་ཚོད་རིགས་བཟའ་ཐུབ་པ་བྱུང་བ་ནི་ལོ་འགའི་སྔོན་དུ་དབུལ་པོ་དབུལ་ནག་ཏུ་གྱུར་པའི་ས་སྒ་ཉག་གའི་སྡེ་དམངས་ལ་མཚོན་ན། འཚོ་བའི་ཐད་ཀྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་ཡིན་པ་སྨོས་མེད་རེད། ལོ་ངོ10ཡི་སྔོན་ལ། སྔོ་ཚོད་རིགས་ཉོ་བར་བར་ཐག་ལེ་བར་བརྒྱ་ཙམ་ཡོད་པའི་རྫོང་མཁར་དུ་སོང་ནས་ཉོ་བ་མ་གཏོགས། ཞང་གྲོང་གི་ཉེ་འཁོར་དུ་སྔོ་ཚོད་ཉོ་འདོད་རུང་ཉོ་ས་མེད་པའི་སྐོར་ཁ་བརྡ་བྱེད་དུས་ཨ་ནེ་ལྷ་མོ་འཚོའི་གདོང་ལ་སྐྱོ་ཉམས་ཤིག་གིས་ཁེངས་འདུག

སྔོན་ཆད་ས་སྒ་ཉག་གའི་ཤར་ནས་ནུབ་ཏུ་བསྲིངས་པའི་ས་ལམ་སྐྱ་བོ་དེ་རྡུལ་གྱིས་ཁེངས་ཤིང་། སྲང་ལམ་འདིར་ཚོང་ཁང་གཅིག་ལས་མེད་པ་དེའང་རྒྱུན་པར་སྒོ་བརྒྱབ་ནས་ཡོད། དེང་སྐབས་ཕྱིའི་བཀོད་པ་དང་ནང་གི་སྒྲིག་ཆས་ལེགས་པའི་མཁར་གྲོང་དུ་སྔོ་ཚོད་ཚོང་ཁང་དང་། ཟ་ཁང་། འཕྲུལ་ཆས་ཞིག་གསོ་ཁང་། མཉམ་ལས་ཁང་། ཚོང་ཟོག་འཁོར་རྒྱུག་ཞབས་ཞུ་ལྟེ་གནས་སོགས་མཁར་གྲོང་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་འཛོམས་ཡོད།

ད་ལོ་ལོ54ཡིན་པའི་རྐང་མོ་སྡེ་བའི་ཤ་བོ་འཚོ་ལ་ལོ་བཅུའི་སྔོན་ནས་བཟུང་། རུས་ཚིགས་ཀྱི་ནད་བྱུང་ནས་ཕར་འགྲོ་ཚུར་འོང་བྱེད་པར་རྒྱུན་ལྡན་གྱི་མི་ཞིག་དང་བསྡུར་ཚེ་རྐང་ལག་དེ་འདྲའི་བདེ་བོ་མིན།“སྔོན་ཆད་བྱིས་པ་བཙས་ནས་ཅུང་མ་འགོར་བར་ཁྱིམ་གྱི་ལས་ཀ་ཙག་ཙིག་ལས་པ་དང་ནོར་རྫིར་འགྲོ་བ་ནི་སྐབས་དེའི་བུད་མེད་ཚོས་འགན་དུ་བབས་པའི་ལས་ཀ་རེད། རྒྱུ་མཚན་ནི་ང་ཚོའི་ཡོང་སྒོ་ནོར་ལུག་ལ་བརྟེན་དགོས་པ་རེད། དགུན་དུས་ཆུ་མགོར་དར་ཆགས་པ་ཡིན་ན་ཆུ་ལེན་དུ་འགྲོ་བའི་ལམ་ཐག་སྤྱི་ལེ་གཉིས་ཙམ་ལ་བསྐྱོད་དགོས།”

“སྔོན་ཆད་འཐུང་ཆུ་ལེན་དུ་འགྲོ་ན་ཕལ་ཆེར་དུས་ཚོད་ཕྱེད་ཀའི་དུས་ཡུན་དགོས་པ་རེད།”

ཤ་བོ་འཚོས་ལྷས་རའི་ནང་ཆུ་སྣོད་དུ་རང་འབབ་ཆུ་ལེན་ཞོར“ད་ལྟ་ཁྱིམ་ཚང་རེར་རང་འབབ་ཆུ་ཐོན་ཡོད་པར་མ་ཟད། ད་དུང་འཕྲོད་བསྟེན་ཁང་གི་སྨན་པ་རྒྱུན་པར་ནད་ལ་བལྟ་རུ་ཡོང་གི་ཡོད”ཅེས་དམར་མདངས་ཆགས་པའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད་བྱུང་།

2007ལོའི་སྔོན་ལ་ས་སྒ་ཉག་ག་རུ་ཁྱིམ་ཚང50ལྷག་ལས་མེད་ཅིང་། འབྲོག་པ་མང་ཚོགས་སྣུམ་སྒྲོན་དང་ཉི་འོད་ནུས་པའི་གློག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དེང་སྐབས། ས་སྒ་ཉག་གའི་ས་རྡོའི་གཞུང་ལམ་དེ་ཚད་ལྡན་ཅན་གྱི་གཞུང་ལམ་དུ་བསྒྱུར་ནས། སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་བསྒྱུར་བྱས་ཡོད་པར་མ་ཟད། དང་ཐོག་འུར་ཆ་ཐོགས་པའི་འབྲོག་པ་མང་ཚོགས་མཁར་གྲོང་དུ་གནས་སྤར་ནས་ཁྱིམ་གྱི་སྒོ་ཁ་རུ་ལས་ཀར་ཞུགས་པའི་རྨི་ལམ་དེ་གཞི་ནས་མངོན་འགྱུར་བྱུང་།

ས་སྒ་ཉག་ག་སྡེ་ཁུལ་ཤར་ཕྱོགས་ཀྱི་གནས་ཤིག་ཏུ་མི་བརྒྱ་ཕྲག་ཙམ་གྱིས་སྡོང་འཛུགས་ནགས་བསྐྲུན་བྱེད་བཞིན་འདུག ཁོ་ཚོའི་ནང་དུ་ལོ་ན་དྲུག་ཅུ་ལ་སླེབས་པའི་བགྲེས་པོ་ཡོད་པ་དང་ལོ་ན་ཉི་ཤུར་ཉེ་བའི་ན་གཞོན་ཡང་ཡོད།

བསོད་ནམས་དོན་གྲུབ་ནི་ས་སྒ་ཉག་གར་གནས་སྤར་ཡོང་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། ཞང་སྲིད་གཞུང་གིས་བསོད་ནམས་དོན་གྲུབ་དང་འདྲ་བའི་དབུལ་ཕོངས་འབྲོག་པ170ལྷག་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱས་ཏེ། ཟླ་རེར་ཟླ་ཕོགས་སྒོར1800ཡི་ཡོང་འབབ་ཡོད་པ་རེད།“ང་ཚོ་ཁྱིམ་གྱི་སྒོ་ཁ་ནས་ཆུ་དཔོན་དང་ནགས་སྲུང་། ཁོར་ཡུག་གཙང་སྦྲ་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་པ་ཡིད་ལའང་དྲན་མ་མྱོང་། དེ་རིང་སྡོང་འཛུགས་ནགས་སྐྲུན་བྱེད་བཞིན་པ་ཐོས་པས་རང་གི་བྱིས་པའང་འཁྲིད་ཡོང་ཡོད། དྲིན་དེ་དྲིན་དུ་བརྩི་རྒྱུ་ནམ་ཡང་བརྗེད་མི་རུང་། བུ་རབས་ཚ་རྒྱུད་ལ་ཁོར་ཡུག་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་སུ་འཇུག་རྒྱུ་ནི་ངའི་ལས་འགན་ཡིན”ཟེར།

གཅན་ཚ་ཐང་ཞང་གི་ཞང་གཙོ་ཚེ་མདོ་རྒྱལ་གྱིས་བཤད་པ་ལྟར་ན། ཞང་སྲིད་གཞུང་གིས་ཕྱུགས་ལས་ས་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་ནས་དབུལ་སྐྱོར་རྗེས་མཐུད་ཐོན་ལས་ལས་གཞི་དང་རོགས་སྐྲུན་ལས་གཞི་ཧྲག་སྡེབ་བྱས་ཏེ། གཅན་ཚ་ཐང་ཞང་རྩྭ་ཐང་གཅེས་ནོར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། ཁྱིམ་ཚང448དང་མི1782མ་རྐང་ལམ་ལུགས་ལྟར་མཉམ་ལས་ཁང་དུ་ཞུགས་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་སྔར་ལས་ཇེ་མཐོར་སོང་ཞིང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་འབྲས་བཟང་པོ་བླངས་ཡོད།

ཨ་ནེ་ལྷ་མོ་འཚོ་དང་། ཤ་བོ་འཚོ། བསོད་ནམས་དོན་འགྲུབ་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་རི་མགོ་ལས་མར་བབས་ཏེ་མཁར་གྲོང་དུ་གཏན་སྡོད་བྱེད་ཐུབ་པ་བྱུང་ཞིང་། སྔོན་ཆད་ཁྱིམ་ཚང་ལྔ་བཅུ་ཙམ་ལས་མེད་པའི་ས་སྒ་ཉག་ག་རུ་སྨན་ཁང་དང་སློབ་གྲྭ། ཚོང་ཁང་དང་འཕྲུལ་ཆས་ཞིག་གསོ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་པའི་མཁར་གྲོང་དུ་འཕོ་འགྱུར་བྱུང་བ་ནི་གཅན་ཚ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བསྡུས་གཟུགས་ཤིག་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།