གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་དོན་འཕེལ་རྒྱས་ཀྱི་གནས་བབ་གསར་བ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་སྟག་འབུམ་ཐར་ལ་ཆེད་དོན་བཅར་འདྲི་བྱས་པའི་གནས་ཚུལ།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཇུག་བསྡུ་བ་དང་དངོས་སུ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་འདིར། གསར་འགོད་པས་ཐེབས་རྩ་ཚོགས་པས་ཇི་ལྟར་སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་ཀྱི་འགན་ནུས་འདོན་སྤེལ་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་གླེང་གཞི་གཙོ་བོའི་ཐད་ནས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་སྟག་འབུམ་ཐར་ལ་ཆེད་དོན་བཅར་འདྲི་བྱས།
གསར་འགོད་པས་ལས་འཛིན་འགོ་གཙོ་སྟག་འབུམ་ཐར་ལ་ཐེབས་རྩ་ཚོགས་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་ལེགས་པོར་སྒྲུབ་པ་དང་ཆབས་ཅིག དངོས་དོན་བྱེད་ཐབས་གང་དག་གིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་ལ་རམ་འདེགས་ཇི་ལྟར་བྱས་བ་ཡིན་ཞེས་དྲིས་པ་ན།
སྟག་འབུམ་ཐར་གྱིས་བཤད་རྒྱུར། ཉེ་བའི་ལོ་ཉི་ཤུའི་རིང་ལ། རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་དེ་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ཁུལ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་བ་དང་། དེ་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་གཉིས་ཀྱི་ལས་གཞི་ཆེན་པོ་མགོ་བརྩམས་པ་ནས་སྐྱེ་ཁམས་ཁ་གསབ་ཀྱི་རྐྱེན་སྲོལ་སྣ་ཚོགས་དངོས་འབེབས་བྱས་པའི་བར་དུ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་སྤྱིར་བཏང་མིན་པའི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་པ་དང་། ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་མངོན་འགྱུར་བྱས་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྤྱིའི་ཆ་ནས་ལེགས་བཅོས་བྱུང་ཡོད་ཅེས་བཤད་ཆོག
ཞིང་ཆེན་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཆེད་དུ་བཙུགས་པའི་ཀུན་གྱིས་ཞལ་འདེབས་འབུལ་བའི་ཐེབས་རྩ་ཚོགས་པ་གཅིག་པུ་ཡིན་པའི་ཆ་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཞབས་ཞུ་དེ་བྱ་བ་གཙོ་བོར་བརྩིས་ནས། གནས་བབ་དམ་འཛིན་དང་ཁྱོན་ཡོངས་ལ་བསྟུན་ནས། རང་ཉིད་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་འཚོལ་ཞིབ་བྱས་ཏེ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་བཞག ཀུན་གྱི་ཞལ་འདེབས་མ་དངུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་གླིང་སྣེའི་ས་ཁུལ་འདི་སྲུང་སྐྱོབ་དང་དྲིལ་སྒྲོག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རམ་འདེགས་དང་རོང་འབྲོག་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད།
2019ལོའི་ལོ་ཧྲིལ་བོར་ཞལ་འདེབས་མ་དངུལ་སྒོར་བྱེ་བ་གསུམ་ཙམ་བསྡུས་པ་དང་། དེའི་ནང་ཆུ་འཐུང་དུས་ཆུ་མགོ་དྲན་པའི་བྱ་འགུལ་གྱི་སྤྱི་ཕན་དགོང་ཚོགས་སྟེང་ཞལ་འདེབས་མ་དངུལ་སྒོར་ས་ཡ་དགུ་འབུམ་གཉིས་ཁྲི་ལྔ་བསྡུས་ཡོད་ལ། ཀྲུང་གོའི་ཐེ་ཕེན་ཡང་ཉེན་ཚབ་ཀུང་ཟིས་ཁ་ཕྱོགས་གཏན་འཁེལ་གྱིས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་ལྷག་གི་ཞལ་འདེབས་ཕུལ་ཏེ། ཐེབས་རྩ་ཚོགས་པའི་ལོ་འཁོར་གྱི་མ་དངུལ་བསྡུ་རུབ་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། ཉེ་བའི་ལོ་འདི་འགར། ཐེབས་རྩ་ཚོགས་པས“སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རམ་འདེགས། དཔལ་འབྱོར་སྤྱི་ཚོགས་ཀྱི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་དམིགས་འབེན་གཏན་ལ་ཕབ་ཏེ། འབད་བརྩོན་སྒོས་རང་ཉིད་ཀྱི་གནས་སྟངས་འཚོལ་ཞིབ་དང་རང་ཉིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དེ་ཡང་ཐེབས་རྩ་ཚོགས་པའི་དགེ་མཚན་ཁྱད་པར་བ་ཡིན།
དེར་བརྟེན། དུས་ཡུན་རིང་བོར་འཚོལ་ཞིབ་དང་ཞིབ་འཇུག་བྱས་ཏེ། ང་ཚོས“442211”བྱ་བའི་དཔེ་དབྱིབས་གཏན་ལ་ཕབ་ཏེ། སྐྱེ་ཁམས་སྡོད་ཁུལ་ཆུང་བ་དང་སྐྱེ་ཁམས་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་དང་། གཙང་གསུམ་འབྱུང་ཡུལ་གྱི་བུད་མེད་བདེ་ཐང་ལ་དོ་ཁུར་བྱེད་པའི་བྱ་སྤྱོད་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། “ཆུ་འཐུང་དུས་ཆུ་མགོ་དྲན་པ་དང་གཙང་གསུམ་འབྱུང་ཡུལ་གྱི་གསང་བ་འཚོལ་ཞིབ་བྱེད་པའི”བྱ་འགུལ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གླེང་སྟེགས། འབྲི་ཆུའི་མགོ་ཁུངས་ཀྱི་ཚན་ཞིབ་བྱ་འགུལ། སྐྱེ་ཁམས་ཉམས་ཞིབ་བྱ་འགུལ་སོགས་སྤྱི་ཕན་བྱ་འགུལ་དག་ཇུས་འགོད་བྱས་ཏེ་ལག་ལེན་དུ་བསྟར་བ་ཡིན།
《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས》དུས་དེབ་དང་ཐེབས་རྩ་ཚོགས་པའི་དྲ་ཚིགས་སྟེགས་བུ་འཛུགས་པར་ཤུགས་སྣོན་བྱས་པའི་རྨང་གཞིའི་སྟེང་། ང་ཚོས་སྨྱན་བྱད་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་པར་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟེན་གཞི་འཛུགས་སྐྲུན་དང་སྨར་ཁོག་ཆུ་བོའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་་ཚད་ལེན་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་ཚན་ཞིབ་བྱ་བར་རྨང་གཞི་བརྟན་པོ་བཏིང་བའི་དུས་མཚུངས་སུ། སྐྱེ་ཁམས་འཛིན་གྲྭ་ཐོག་མ་གསར་འཛུགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་བ་ཡིན།
གསར་འགོད་པས2020ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པའི་ལོ་ཡིན་པས། ཐེབས་རྩ་ཚོགས་པས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་ཚོད་ལྟའི་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ནུས་པ་ཇི་ལྟར་འདོན་རྒྱུ་ཡིན་ཞེས་དྲིས་པ་ན།
སྟག་འབུམ་ཐར་གྱིས་བཤད་རྒྱུར། དུས་བཅད་ལྟར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རག་ལས་པས། གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་མཐོར་འདེགས་གཏོང་བར་ཕན་ཐོགས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེ་ཕྱོགས་ལ་དམ་པོར་དམིགས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་གཏིང་ཟབ་ཏུ་ལག་བསྟར་བྱེད་པ། གླིང་སྣེའི་ས་ཁུལ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པར་རྐང་ཚུགས་ཏེ། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་བྱེད་པ་དང་། མུ་མཐུད་དུ་ཐེབས་རྩ་ཚོགས་པའི“442211”གི་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ། མ་དངུལ་བསྡུ་རུབ་ཀྱི་ཤུགས་ཚད་རྒྱ་བསྐྱེད་པ་དང་། སྤུས་རྟགས་དྲིལ་སྒྲོག་དང་ལས་གཞི་དོ་དམ་ཇེ་དྲག་ཏུ་གཏོང་བ། གཟབ་ནན་གྱི་བྱ་བས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
གཅིག་ནི་སྤུས་རྟགས་ཀྱི་ཕན་ནུས་ཇེ་མཐོར་བཏང་ཏེ། ཕྱི་ཕྱོགས་མཉམ་ལས་བརྗེ་རེས་རྒྱ་བསྐྱེད་རྒྱུ། གཙང་གསུམ་འབྱུང་ཡུལ་གྱི་སྤུས་རྟགས་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། མུ་མཐུད་དུ་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་ཤུགས་རྒྱ་བསྐྱེད་པ་དང་། ཐེབས་རྩ་ཚོགས་པའི་སྤུས་རྟགས་དྲིལ་སྒྲོག་ལོའི་བྱ་འགུལ་སྤེལ་བ་བརྒྱུད་ནས། ཧུར་ཐག་གིས་སྤྱི་ཚོགས་ཡོངས་ཀྱིས་གཙང་གསུམ་འབྱུང་ཡུལ་ལ་དོ་ཁུར་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས།
གཉིས་ནི་ཤུགས་རྐྱེན་གཏིང་ཟབ་ཏུ་བཏང་ཏེ་སྤྱི་ཕན་བྱ་འགུལ་ཆེན་པོ་བཞི་ལེགས་པོར་སྒྲུབ་རྒྱུ། མིག་སྔར་སྤྱི་ཕན་བྱ་འགུལ་སྣ་ཚོགས་སྤེལ་བའི་རྨང་གཞིའི་སྟེང་། སྤུས་རྟགས་ཀྱི་ ནུས་པ་གསར་སྐྲུན་གསར་གཏོད་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་སྤྱི་ཕན་བྱ་འགུལ་སྤེལ་བ། ཤུགས་ཆེན་པོས“ཆུ་འཐུང་དུས་ཆུ་མགོ་དྲན་པ”ཡི་སྤྱི་ཕན་བྱ་འགུལ་སྐུལ་སྤེལ་བྱེད་པ། ཚན་རིག་གླེང་སྟེགས་དང་གཙང་གསུམ་འབྱུང་ཡུལ་གྱི་ཚན་རིག་རྟོག་དཔྱོད་ཞིབ་འཇུག་བྱ་འགུལ་སྒྲུབ་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་པའི་འཕེལ་རིམ་ཁྲོད་ཐེབས་རྩ་ཚོགས་པའི་འདོར་དུ་མེད་པའི་འགན་འཁྲི་འདོན་སྤེལ་བྱེད་དགོས།
གསུམ་ནི་ཕན་འབྲས་དོན་གཉེར་བྱས་ཏེ་མཚོན་རྟགས་རང་བཞིན་གྱི་སྤྱི་ཕན་ལས་གཞི་བསྐྲུན་རྒྱུ། སྤྱི་ཕན་ལས་གཞི་ལེགས་སྐྲུན་ཞིབ་ལས་བྱས་ཏེ། སྤུས་རྟགས་རེ་རེར་རིམ་པ་དང་ཚད་གཞི་མཐོན་པོ་ལྡན་པར་བྱེད་པ་དང་། ལོ་རེ་རེར་ཁྱད་ཆོས་གསར་བ་ཡོད་པར་བྱེད་དགོས། ལོ་འཁོར་གྱི་སྤྱི་ཕན་ལས་གཞི་དོན་འཁྱོལ་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྡོད་ཁུལ་ཆུང་བ་དང་སྐྱེ་ཁམས་སྡེ་བ་འཛུགས་སྐྲུན་ལག་བསྟར་བྱེད་པ། གཙང་གསུམ་འབྱུང་ཡུལ་གྱི་བུད་མེད་བདེ་ཐང་ལ་དོ་ཁུར་བྱེད་པའི་ལས་གཞིའི་ཁྱབ་རྒྱ་འཐུས་ཚང་དང་རྒྱ་བསྐྱེད་དེ། གཙང་གསུམ་འབྱུང་ཡུལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་འགྲུབ་པར་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་སྲིད་གཞུང་ལ་འདོར་ལེན་ཁ་གསབ་བྱེད་དགོས།
གསར་འགོད་པས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་གོ་སྐབས་ལེགས་པོ་དེས། ཐེབས་རྩ་ཚོགས་པའི་འཕེལ་རྒྱས་ལ་གོ་སྐབས་གང་དག་བསྐྲུན་ངེས་རེད་ཞེས་དྲིས་པ་ན།
སྟག་འབུམ་ཐར་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ཡིན་པ་མ་ཟད། འཛམ་གླིང་གི་སྐྱེ་ཁམས་ས་གཤིས་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བདེ་བླག་ངང་འཛུགས་པ་དང་བསྟུན་ནས། ཐེབས་རྩ་ཚོགས་པས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པར་སྐུལ་སྤེལ་བྱེད་པའི་ཁྲོད་དཔྱད་གཞི་གསར་བ་ཁ་ཤས་འདོན་སྲིད་ལ། ཧུར་ཐག་གིས་སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཁྲོད་ཞུགས་པར་གོ་སྐབས་སྔར་ལས་མང་པོ་བསྐྲུན་པར་ང་ཚོར་ཡིད་ཆེས་ཡོད།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གཞོགས་འདེགས་ལེགས་པོ་བྱེད་ཆེད། ང་ཚོས་གསར་བསྐྲུན་གྱི་བསམ་བློས་བྱ་བའི་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་། དགེ་ལས་ཐམས་ཅད་གཅིག་ཏུ་བསྡུས། གཙང་གསུམ་ཡུལ་གྱི་བདེ་སྐྱིད་བརྩོན། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་དགོས།
ཉེ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་མཉམ་འབྲེལ་སྒོས་སྐབས་གཉིས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གླེང་སྟེགས་གཙོ་སྒྲུབ་བྱས་པ་དེ་ནི། གླིང་སྣེ་གསུམ་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། རྒྱལ་ཁབ་ཀྱི་གླིང་སྣེ་གསུམ་པའི་འཕེལ་རྒྱས་འཐབ་ཇུས་གསར་བ་དང་མདོ་དབུས་མཐོ་སྒང་གི་ཐེངས་གཉིས་པའི་ཚན་ཞིབ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དེར་དམིགས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་ཞིབ་འཇུག་དང་བརྗེ་རེས། གྲོས་སྡུར་བཅས་བྱས་ཏེ། གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གླེང་སྟེགས་དེ་ཐེབས་རྩ་ཚོགས་པའི་སྤྱི་ཕན་བྱ་འགུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐེབས་རྩ་ཚོགས་པའི་ཡོངས་བསྒྲགས་དང་ཀུན་གསལ་གྱི་སྟེགས་བུ་ཆེན་པོའི་ཁྱད་སྟོབས་གཞིར་བཟུང་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཞུང་ལུགས་འཚོལ་ཞིབ་དང་ཉམས་མྱོང་བརྗེ་རེས་འབུར་དུ་ཐོན་པར་བྱེད་པ་དང་། ཁྱབ་ཁོངས་ལས་བརྒལ་བ་དང་ལས་རིགས་ལས་བརྒལ་བ། སྡེ་ཚན་ལས་བརྒལ་བ། ས་ཁུལ་ལས་བརྒལ་བའི་མཉམ་ལས་ཀྱི་འབྲེལ་ལམ་གལ་ཆེན་དུ་འགྱུར་བར་བྱེད་པ། བརྗེ་རེས་ཕྱོགས་སོ་སོའི་ཉམས་མྱོང་དང་ཆ་འཕྲིན། ལག་ལེན་དང་དཔེ་མཚོན་གྱོད་གཞི་སྣ་ཚོགས་ཕྱོགས་སྡོམ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་གྱི་སྟེགས་བུ་གལ་ཆེན་དུ་འགྱུར་བྱེད་པ། ནན་ནན་ཏིག་ཏིག་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞུང་ལུགས་ཞིབ་འཇུག་ལ་སྐུལ་འདེད་བཏང་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
ལོ་ཙཱ།སྒྲོལ་མ་སྐྱིད།