འཆམ་མཐུན་བདེ་སྐྱིད་ཀྱི་མཁར་གྲོང་གསར་པ།
2020.06.17 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 24

 ཡུས་ཧྲུའུ་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་དང་རྨང་གཞི་སྒྲིག་ཆས་ཇེ་ལེགས། ཐོན་ལས་སྒྲིག་གཞི་ལེགས་བཅོས། སྤྱི་ཚོགས་ལས་དོན་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བཅས་བྱུང་བས་དེ་སྔོན་གྱི་སྐྱོ་ཉམས་དེ་ད་ལྟ་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་དེ་དབུལ་པོ་ནས་འབྱོར་འབྲིང་སྤྱི་ཚོགས་སུ་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། ལྗང་མདོག་དང་བདེ་སྐྱིད། འཆམ་མཐུན་བཅས་ཀྱི་མཁར་གྲོང་གསར་པ་ཞིག་གངས་རིའི་ལྗོངས་ནས་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བསྟར་ཐུབ་པ་བྱུང་།

“ཆ་སྙོམས་ས་བབ་མཐོ་ཚད་སྨི4000ལས་བརྒལ་ཞིང་ལོ་གཅིག་ལ་ཨར་ལས་བྱེད་ཆོག་པའི་དུས་ཡུན་ཟླ་བ་ལྔ་ལྷག་ཙམ་ལས་མེད་པའི་ཁར་ཨར་ལས་རྒྱུ་ཆ་དང་འཚོ་བའི་དངོས་རྫས་སོགས་ཐག་རིང་ནས་སྐྱེལ་འདྲེན་མཁོ་འདོན་བྱེད་དགོས་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྐྱེ་ཁམས་ཉམས་ཞན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནོན་ཤུགས་ཧ་ཅང་ཆེ་བ་རེད”། མཚོ་སྔོན་ནུབ་རྒྱུད་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་བཤད་རྒྱུར། ཡུས་ཧྲུའུ་ནས་ལོ་གསུམ་གྱི་རོགས་སྐྱོར་འཛུགས་སྐྲུན་དུས་ཡུན་ནང་རོགས་སྐྱོར་འཛུགས་སྐྲུན་ལས་བཟོ་བ་འབུམ་གཅིག་གིས་སྔར་འཕྲད་མ་མྱོང་བའི་ཉམས་སད་དང་དཀའ་ཚེགས་ལས་རྣམ་པར་རྒྱལ་ཞིང་། “ད་ལྟ་ཕྱིར་འདང་རེ་བརྒྱབ་ཚེ་ཡོད་ཚད་དོན་སྙིང་ལྡན་ལ་གླེང་རིན་ཡོད་པ་ཞིག་རེད”ཟེར།

པེ་ཅིན་གྲོང་ཁྱེར་གྱི་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྐོར་ཁག་བཞི་པའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཡོན་ཧའོ་ཙུང་གིས་བཤད་རྒྱུར། གནོད་ཤུལ་བསྐྱར་སྐྲུན་སྐབས་སུ་པེ་ཅིན་གྲོང་ཁྱེར་གྱིས་འཇོན་མི3000ལྷག་སྐོང་འཐེན་བྱས་ནས་ཡུས་ཧྲུའུ་རུ་མངག་པ་དང་།   ཁོ་ཚོས་འགན་འཁྲི་ལྗིད་མོ་དང་དུ་བླངས་ནས་ལས་གཞི་ཆེ་གྲས་རིགས6གི་རྣམ་གྲངས120ཁྲོད་ཞུགས་ནས་སྤུས་ཚད་དམིགས་འབེན་ལྟར་ལས་གཞི་ཚང་མ་ལེགས་སྒྲུབ་བྱུང་ཡོད།  ལོ་ངོ10ཡི་རིང་པེ་ཅིན་གྲོང་ཁྱེར་གྱིས་སྔ་རྗེས་སུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྐོར་ཁག་བཞི་དང་རོགས་སྐྱོར་ན་གཞོན་ལས་བྱེད་པ176མངགས་པར་མ་ཟད། ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་ཉེར་དྲུག་དང་བྱེ་བ་དྲུག་བཏང་སྟེ་རོགས་སྐྲུན་ལས་གཞི319ལག་བསྟར་དངོས་འབེབས་བྱས་པས། ཡུས་ཧྲུའུ་ཡི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐོན་པ་དང་། ལོ་ངོ10ཡི་ཕྱོགས་སོ་སོའི་རྒྱུན་མཐུད་མཉམ་ལས་ཁྲོད“པེ་ཅིན་དང་ཡུས་ཧྲུའུ་ཡི་མཉམ་ལས”དེ་སྔར་ལས་གཏིང་ཟབ་ཏུ་གྱུར།

“རླབས་ཆེ་བའི་ཏང་དང་མེས་རྒྱལ། རྒྱལ་ཡོངས་མི་དམངས་བཅས་ཀྱི་བཀའ་དྲིན་དེ་ནམ་ཡང་བརྗེད་མི་སྲིད་ལ། ཁོང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ཁྱིམ་གཞི་གསར་པ་འཛུགས་སྐྲུན་བྱས་པ་དེ་ཡུས་ཧྲུའུ་མི་དམངས་ཀྱིས་རྡོ་ལ་རི་མོ་བརྐོས་པ་ལྟར་ཡིད་ལ་བརྟན་པོར་བཅིངས་ཡོད ” ཅེས་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་ཚེ་རིང་ཐར་གྱིས་དེ་ལྟར་བཤད་བྱུང་།

སྟག་སྡེར་རི་བོའི་ལྗོངས་གཟིགས་སྟེགས་བུའི་ཐོག་འཛེགས་པ་ན་གྲོང་ཁྱེར་གྱི་མཛེས་ལྗོངས་ཡོངས་མཐོང་ཐུབ་སྟེ། དཔལ་ཆུ་དང་བྱ་ཆུ་དྭངས་མོའི་བསྣོལ་མཚམས་སུ་མཛེས་སྡུག་ལྡན་པའི་སྡོད་ཁང་དང་། ཚད་རིམ་མཐོ་བའི་སློབ་གྲྭ་དང་སྨན་ཁང་རེ་རེ་འགྱིང་ངེར་ལངས་འདུག་ལ། ཕྲེང་ལྟར་སྒྲིག་པའི་ཚོང་ལས་ཁྲོམ་གཞུང་དང་བརྗིད་ཉམས་ལྡན་པའི་གེ་སར་ཐང་ཆེན་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཁྲོམ་གཞུང་ནི་པ་ཏྲའི་རི་མོ་ལྟར་བསྣོལ་མར་འཐེན་ཡོད་ལ་རླངས་འཁོར་མང་པོ་འདུར་རྒྱུགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པས།  ད་ལྟའི་ཡུས་ཧྲུའུ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་ཐད་ནས།  དཔལ་ཐང་གནམ་གྲུ་འབབ་ཐང་དུ་གནམ་གྲུ་ཤར་གཏོང་བྱས་ནས་ལོ10ལྷག་གི་རིང་། མགྲོན་པོ་སྐྱེལ་འདྲེན་བྱས་ཚད་རྒྱལ་ཡོངས་ཀྱི་ཡན་ལག་གནམ་གྲུ་འབབ་ཐང་གི་མདུན་གྲལ་དུ་སླེབས་ཤིང་། ད་ལོར་ཕྱོགས་ཡོངས་ནས་རྒྱས་སྐྲུན་བྱེད་འགོ་ཚུགས་ཡོད། ཡུས་ཧྲུའུ་ནས་ཟི་ལིང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྣུམ་ནག་གི་གཞུང་ལམ་གང་སར་ཁྱབ་པ་དང་། ཞང་གྲོང་དང་སྲིད་འཛིན་སྡེ་བར་གཞུང་ལམ་ཤར་གཏོང་བྱེད་ཚད100%ཟིན་ལ། གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ235བསྐྲུན་ཡོད། ཡུས་ཧྲུའུ་གློག་དྲ་དང་མཚོ་སྔོན་གློག་འདོན་གྱི་གློག་དྲ་གཙོ་བོ་དྲ་སྦྲེལ་བྱེད་ཐུབ་པ་བྱུང་བ་སོགས་ཀྱི་བཟོ་འགོད་ལེགས་འགྲུབ་བྱུང་བས། ཡུས་ཧྲུའུ་གློག་དྲའི་སྟོང་ཧྥུའུ35ཡི་གློག་ཤུགས་ཁེར་རྐྱང་དྲ་བ་ནས་ཆན་ཧྥུའུ330ཡི་དེང་རབས་ཅན་གྱི་གློག་དྲར་བསྒྱུར་བ་དེ་ཡུས་ཧྲུའུ་ཁུལ་གྱི་ཞང་གྲོང46དང་སྲིད་འཛིན་སྡེ་བ155ལ་ཁྱབ་ཡོད།

སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་ཐད་ནས། ཁུལ་ཡོངས་ནས“ལྗང་མདོག་ལ་དྲིན་གཟོ་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ཏུ་བསྟར་ནས་མིག་ལ་གཅེས་སྤྲས་བྱེད་པ་ནང་བཞིན“ གཙང་གསུམ་འབྱུང་ཡུལ”ལ་སྲུང་སྐྱོབ་བྱས་ཤིང་། 2010ལོ་ནས་2019ལོའི་བར་ནགས་ཚལ་ཁྱབ་ཚད3.2%ནས3.97%ལ་ཇེ་ཆེར་སོང་བ་མ་ཟད། ཐང་རྒོད་དང་ས་ནག་ཐང་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་མུའུ་ས་ཡ་བཞི་འབུམ་དྲུག་ཁྲི་བཞི་ལྷག་ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི16.7%ཟིན་ཡོད།  མི་ཁྲི་གསུམ་དང་སྟོང་གཅིག་ལྔ་བརྒྱ་ཡིས་ལྗང་མདོག་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་རྐང་དུ་ཞུགས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཐད་ནས། དབུལ་ཐར་མཁྲེགས་གཏོར་གྱི་འགག་རྩ་ནི་འཕེལ་རྒྱས་ལ་བརྟེན་དགོས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཁག་ས་བབ་དམའ་བའི་ས་ཁུལ་ལས་མཐོ་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་མི་ལེགས་པ་དང་། འཛུགས་སྐྲུན་གྱི་མ་རྩ་མཐོ་བ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། སྤྱི་པའི་ཞབས་ཞུ་མི་འདང་བ་བཅས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དེ་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ངེས་པར་དུ་ས་གནས་དེའི་ཁྱད་ཆོས་དང་མཐུན་ཞིང་དབུལ་ཕོངས་མང་ཚོགས་ཟབ་ཞུགས་བྱེད་པར་འཚམ་པའི་ཐོན་ལས་གདམ་གསེས་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད།

ཡུས་ཧྲུའུ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ཁྱིམ་ཚང་ཅུང་མང་ལ་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན། ཡུས་ཧྲུའུ་ཁུལ་གྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། 2015ལོའི་དབུལ་ཕོངས་ཀྱི་ཚད་དེ34%ནས2019ལོའི3% དུ་མར་ཆགས་པ་དང་། དབུལ་ཕོངས་མི་གྲངས་ཀྱི་ཆ་སྙོམས་ཡོང་འབབ་དེ2015ལོའི་སྒོར2970ནས2019ལོའི་སྒོར5200ཡན་ལ་འཕར་བ་རེད། མིག་སྔར་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་གཉིས་དབུལ་ནག་རྫོང་གི་གྲས་ནས་ཕྱིར་འཐེན་བྱས་པ་དང་། དེ་བཞིན་རྫོང་བཞི་ཡང་དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད་པས་ཡུས་ཧྲུའུ་ཁུལ་ལ་དབུལ་པོ་དབུལ་ནག་གཅིག་ཀྱང་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་།  ལོ་ངོ་དུ་མའི་རིང་ལ། ཡུས་ཧྲུའུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་བཅངས་པའི་ཕུགས་འདུན་ནམ་ཡང་ཆད་མྱོང་མེད་པ་དང་། འཆམ་མཐུན་མཛེས་སྡུག་གི་ཡུས་ཧྲུའུ་གསར་པ་བསྐྲུན་རྒྱུ་དེ་ཡུས་ཧྲུའུ་མི་དམངས་ཀྱི་སེམས་ཁོང་གི་རེ་སྒུག་ཅིག་ཏུ་གྱུར་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཡུས་ཧྲུའུ་ཡི་མི་གྲངས་དབུལ་པོ་དང་ཁྱིམ་ཚང་སྨན་པའི་བར་གན་རྒྱ་བཞག་ཚད་དང་ལག་བསྟར་བྱེད་ཚད་100%ཟིན་ཡོད་པ་རེད། ལོ་ལྔའི་རིང་། མི་གྲངས་དབུལ་པོ་མི་ཐེངས་3217ལ་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱས་པར་སྒོར་བྱེ་བ་གཅིག་ས་ཡ་དྲུག་ལྷག་བཏང་བ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སྨན་རིན་རྩིས་ཞུའི་བསྡུར་ཚད་90%ཟིན་པ། དཀའ་ཁག་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་མི་ཐེངས་ཁྲི་བདུན་སྟོང་བདུན་ཆིག་བརྒྱ་ཉེར་དྲུག་ལ་སྒོར་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་དགུ་ཁྲི་ལྔ་སྤྲད་ཡོད།

ཡུས་ཧྲུའུ་ཁུལ་གྱིས་སེམས་ཤུགས་སྲ་བརྟན་གཏོང་བའི་ཐད་གཅིག་བསྡུས་ཀྱིས་ཞན་ཆ་གསབ་པ་དང་། “མེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཐོན་ལས་དང་། ལས་ཞུགས། སློབ་གསོ། སྨན་བཅོས་སོགས་ཕྱོགས9ནས་སྲ་བརྟན་མཐོར་འདེགས་གཏོང་བའི་བྱ་བ་དམ་འཛིན་ཡག་པོ་བྱེད་པ། བརྟན་བརླིང་ངང་དབུལ་ཐར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། མ་འོངས་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དབུལ་ཞྭ་ཕུད་རྗེས་ལྷོད་གཡེང་དུ་མི་འགྲོ་བ་དང་། དབུལ་ཞྭ་ཕུད་པའི་རྫོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ནས། མཐོང་ཆེན་བྱེད་ཚད་ཇེ་ཆུང་དུ་མི་འགྲོ་བ་དང་། མ་དངུལ་འཇོག་ཤུགས་ཇེ་ཉུང་དུ་མི་གཏོང་བ།  བྱ་བ་སྒྲུབ་ཤུགས་ཇེ་ཆུང་དུ་མི་གཏོང་བ། མི་སྣའི་སྟོབས་ཤུགས་ཇེ་ཆུང་དུ་མི་གཏོང་བ། དབུལ་ཐར་སྤུས་ཚད་ཇེ་དམའ་རུ་མི་གཏོང་བ་བཅས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།