—ཐུན་རིན་རྫོང་ཆུ་ཁོག་ཞང་མག་སར་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་རབ་མཆོག་ཉི་མར་བཅར་འདྲི་བྱས་པ།
དབུལ་ཐར་དབུལ་སྐྱོར་བྱ་བའི་ལམ་དུ་ཧྲུའུ་ཅི་དང་པོ་ཞེས་པའི་མིང་འདི་ཡོད་པ་ནས་བཟུང་། ཀྲུང་གོའི་འཛིན་མའི་ཁྱོན་དུ་ཧྲུའུ་ཅི་དང་པོས་བདག་ལས་གཞན་གཅེས་ཀྱིས་སྡེ་དོན་འགན་དུ་བླངས་ཤིང་། སྡེ་དམངས་སྐྱིད་ལ་བཀོད་པའི་གཏམ་རྒྱུད་བགྲང་གིས་མི་ལང་ལ། ཐ་ན་དབུལ་སྐྱོར་གྱི་ལམ་དུ་རང་གི་ཚེ་སྲོག་ཤོར་བའི་ཧྲུའུ་ཅི་དང་པོའང་མི་ཉུང་བ་ཞིག་ཡོད། རྨ་ལྷོ་ཁུལ་ཐུན་རིན་རྫོང་མག་སར་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་རབ་མཆོག་ཉི་མ་ཡང་དབུལ་ཐར་མཁྲེགས་གཏོར་ལ་ཤ་འབད་རུས་འབད་བྱེད་མཁན་མང་པོའི་གྲས་ཀྱི་གཅིག་རེད།
2015ལོའི་ཟླ11པར་རབ་མཆོག་ཉི་མ་སྡེ་སྡོད་ལས་བྱེད་པའི་མིང་ཐོག་ནས་ཐུན་རིན་རྫོང་ཆུ་ཁོག་ཞང་མག་སར་སྡེ་བར་སོང་བ་དང་། 2016ལོའི་ཟླ12པར་སྡེ་བ་དེའི་ཧྲུའུ་ཅི་དང་པོར་བདམས། ཁོས་ཀྱང་ཐོག་མར་ཧྲུའུ་ཅི་གཞན་དག་དང་འདྲ་བར་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་ཁྱིམ་ཚང་རེ་རེའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱས་ཐོག ཡང་དང་བསྐྱར་དུ་རྩད་གཅོད་བྱས་པ་བརྒྱུད་སྡེ་བ་ཡོངས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང43གྱི་མི220གནད་ཁེལ་དབུལ་སྐྱོར་བྱ་ཡུལ་ལ་ངོས་འཛིན་བྱས། གནས་ཚུལ་རྒྱུས་ལོན་བྱེད་པའི་ཁྲོད། ཁོས་སྡེ་བའི་སྡེ་དམངས་བར་དུ་འགལ་བ་དང་རྩོད་གཞི་མང་ཞིང་ཕན་ཚུན་ཁ་མི་འཆམ་པས། སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་མང་པོ་བཏང་ཡང་མང་ཚོགས་ལ་སྟེར་དུས་རང་ཉིད་ཀྱི་དགའ་ཁ་འཁྱེར་སོ་དང་ཕྱོགས་རིས་སོགས་ཀྱི་དབང་གིས་གནད་ཐོག་ལ་ཁེལ་མེད་པ་སོགས་གནད་དོན་མང་པོ་ཡོད་པ་ཤེས་ཤིང་། ཐོག་མར་གནད་དོན་དེ་དག་ཐག་གཅོད་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་པས། ཁོས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་མཉམ་དུ་ཡང་ཡང་གྲོས་སྡུར་དང་བློ་འདྲི་ བྱས་པ་བརྒྱུད། སྡེ་བའི་ནང་དབང་ཐང་ཅུང་ཆེ་ཞིང་སྤྱི་དོན་བསམ་པ། རིག་གནས་ཤེས་བྱ་ངེས་ཅན་ལྡན་པའི་སྡེ་མི་བཅུ་དྲུག་བདམས་ནས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། སྡེ་དམངས་མཉམ་དུ་བསྡུས་ནས་གོང་རིམ་གྱི་སྲིད་ཇུས་ཡང་དག་པར་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག སྡེ་དམངས་བར་གྱི་འགལ་བ་སྣ་ཚོགས་འདུམ་འགྲིག་ཐག་གཅོད་བྱས་པ་དང་། ད་དུང་དབུལ་ཕོངས་སེལ་དགོས་ན་སྡེ་དམངས་འགྲིག་མཐུན་ཡོང་རྒྱུ་ནི་རྩ་བའི་རྩ་བ་ཡིན་པ་དང་། སྡེ་བ་འཆམ་ཞིང་མཐུན་ན་དབུལ་སྐྱོར་བྱ་བ་དྲང་གཞག་དང་འདྲ་མཉམ་གྱིས་སྤེལ་ཐུབ་པ་སོགས་ཀྱི་ཁ་ཏ་སློབ་གསོ་ཡང་ཡང་བཏང་བའི་ཞོར་དུ། ཁོ་རང་ཉིད་ཀྱིས་ཀྱང་སྡེ་བའི་ཕྱིའི་ཁོར་ཡུག་ལེགས་སྒྱུར་བྱེད་པ་ནས་མགོ་བརྩམས་ཏེ། ཏང་ཀྲུང་དབྱང་གི་དབུལ་སྐྱོར་དབུལ་ཐར་སྲིད་ཇུས་རབ་དང་རིམ་པ་དང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་འོག རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ནས། ལས་གཞི་སྣ་ཚོགས་བརྩོན་ལེན་བྱས་པ་བརྒྱུད་སྡེ་བའི་སྔར་ཡོད་ཀྱི་འཕྲོད་བསྟེན་ཁང་དང་རིག་གནས་ཐང་ཆེན། སྡེ་བའི་གཞུང་ལམ་སོགས་ཞིག་གསོ་བྱས་པར་མ་ཟད། ཁོར་ཡུག་གཙང་སྦྲ་དང་མཛེས་བཟོ་ཐད་ལའང་ནུས་པ་ཆེན་པོ་བཏོན་པས། སྡེ་བའི་ཕྱིའི་ཁོར་ཡུག་གི་བཀོད་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་།
ཁོ་ལ་མཚོན་ན་སྡེ་བའི་ཕྱིའི་ཁོར་ཡུག་བསྒྱུར་བར་སྲིད་གཞུང་གིས་མཐུན་རྐྱེན་གང་ལེགས་བསྐྲུན་པས་དེ་འདྲའི་དཀའ་སྣང་ཞིག་མེད་མོད། འོན་ཀྱང་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་ཡོང་འབབ་དང་སྒོས་སུ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་ནི་ཉིན་མཚན་དུས་དྲུག་ཏུ་སེམས་ལ་ཐོགས་པའི་བྱ་བ་ཞིག་ཡིན་ཕྱིར། ཁོས་དེའི་ཕྱོགས་སུ་བསམ་བློ་གང་མང་བཏང་མཐར། ཐོག་མར་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་འབུམ་ལྔ་ལས་སྒོར་འབུམ་ལྔ་བླངས་ནས་རྫོང་དབུལ་སྐྱོར་ཅུས་ཀྱིས་གཅིག་གྱུར་སྒོས་འོད་ཧྥུ་གློག་འདོན་ས་ཚིགས་ལ་མ་རྐང་དུ་འཇོག་པར་བཏང་བ་དང་། ཡང་སྒོར་འབུམ་ལྔ་བླངས་ནས་སྡེ་བར་ཁྱབ་འགྱེད་རང་བཞིན་གྱི་འོད་ཧྥུ་ཐོན་ལས་བཙུགས་ལ། འཕྲོ་མའི་སྒོར་འབུམ་ལྔ་ཡིས་རོགས་རེས་མཐུན་ཚོགས་ཞེས་པ་བཙུགས་ཏེ། སྡེ་དམངས་ལ་གྲངས་འབོར་ཉུང་བའི་དངུལ་བུན་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བྱས་ཤིང་། བྱེད་སྟངས་དེ་དག་བརྒྱུད་སྡེ་བའི་ཐུན་མོང་ལ་ཡང་ཡོང་སྒོ་མི་དམན་པ་བསྐྲུན་ཞིང་ཁྱིམ་ཚང་རེ་རེར་ཡང་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་བྱུང་བས། སྡེ་དམངས་ཀྱང་རིམ་བཞིན་བློ་ཁ་གཅིག་ལ་ཕྱོགས་ཏེ་ཁོའི་བྱ་བར་རྒྱབ་སྐྱོར་བྱེད་མགོ་བརྩམས།
“མང་ཚོགས་ཀྱིས་རང་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པ་ན། རང་ཉིད་ཀྱང་དབུལ་ཕོངས་ཁྱིམ་ཚང་དེ་དག་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུའི་ཡིད་ཆེས་དང་འདུན་པ་ཇེ་ཆེར་སོང་སྟེ། དཀའ་སྡུག་ཇི་འདྲ་ཆེ་རུང་ཡུལ་འདིའི་མང་ཚོགས་དབུལ་ཕོངས་ལས་མ་ཐར་ན་ཕྱིར་མི་འགྲོ”ཞེས་རབ་མཆོག་ཉི་མས་དེ་ལྟར་རང་ཉིད་ལ་ཐོག་མའི་བསམ་འདུན་བཅངས།
མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པའི་རབ་མཆོག་ཉི་མར་སྔར་བས་སེམས་ཤུགས་ཀྱིས་ཁེངས་ཤིང་། སེམས་སུ་སྡེ་བ་འདིའི་རྣམ་པ་བསྒྱུར་ཞིང་དབུལ་ཕོངས་སེལ་དགོས་ན། སྲིད་གཞུང་གི་རོགས་སྐྱོར་ཁོ་ནར་བརྟེན་པས་མི་ཆོག་པར། རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་འབྲེལ་བ་དང་ནུས་པ་བརྒྱུད་ནས་མང་ཚོགས་ལ་ཕན་ཞིག་འདོགས་ཨེ་ཐུབ་ལ་བལྟ་དགོས་སྙམ་ནས། ཁོས་རྨ་ལྷོ་དམག་ཁུལ་ལ་འབྲེལ་བ་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་འབུམ་ལྔ་བརྩོན་ལེན་བྱས་རྗེས། སྡེ་བའི་ཁྱིམ་ཚང175ལ་ཉི་འོད་ནུས་པའི་ཆུ་སྲོ་འཕྲུལ་ཆས་བཙུགས་ཏེ། སྡེ་དམངས་ཀྱིས་ལུས་ཕུང་གཙང་སྦྲ་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན་པ་དང་། དུས་མཚུངས་སུ་རྨ་ལྷོ་དམག་ཁུལ་དང་ཐེན་ཅིན་ཉེན་རྟོག་དམག་ཞབས་ཁུལ་ལ་འབྲེལ་བ་བྱས་ཏེ“མི་འདང་ས་ཁ་གསབ་དང་། ཞན་ཆ་སྟོབས་ལྡན་དུ་གཏོང་བ”ཡི་འཛུགས་སྐྲུན་མ་དངུལ་སྒོར་འབུམ་ལྔ་བརྩོན་ལེན་བྱས་ནས་སྡེ་བར་ཉི་ནུས་གློག་སྡོང་འཐེན་ཏེ། སྡེ་དམངས་ཀྱི་དགོང་མོའི་འགྲོ་འདུག་ལ་སྟབས་བདེ་གང་ལེགས་བསྐྲུན། དེར་མ་ཟད་ སྡེ་བའི་ཁེར་ཧྲེང་རྒན་པ་ཚེ་རིང་རྒྱལ་ཉེན་ཁང་དུ་བསྡད་ཡོད་པ་ཤེས་འཕྲལ། ཁོས་རྨ་ལྷོ་དམག་ཁུལ་ལ་འབྲེལ་བ་བྱས་ཏེ་སྡོད་ཁང་གི་ཁ་གསབ་མ་དངུལ་སྒོར་ཁྲི6བརྩོན་ལེན་བྱས་ཐོག སྲིད་གཞུང་གིས་བྱིན་པའི་དབུལ་སྐྱོར་མ་དངུལ་སྒོར་ཁྲི6བསྣན་ནས་རྒན་པ་ཚེ་རིང་རྒྱལ་ལ་སྡོད་ཁང་གསར་པ་ལས་ནས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་ཏུ་བཅུག་ཡོད། གཞན་ཡང་དཀའ་ཐུབ་ཚེ་རིང་ཚང་ནི་སྡེ་བ་དེའི་ཆེས་དབུལ་བའི་ཁྱིམ་ཚང་ཡིན་པ་དང་། དཀའ་ཐུབ་ཚེ་རིང་ལ་གློ་ནད་བྱུང་བ་དང་ཆུང་མའི་སྒལ་བར་རྨས་སྐྱོན་ཕོག་ཡོད་པ་སོགས“མུ་གེའི་སྟེང་ལ་ཟླ་ལྷག”ཅེས་པ་བཞིན་མ་གཞི་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པའི་ཁར། ཁྱིམ་ན་ལས་ཀ་ལས་མཁན་ཡང་མེད་པས་ལྟོ་རྒྱབ་ཀྱང་མི་ཁེབས་པའི་ཚད་དུ་ལྷུང་ཡོད། གནས་ཚུལ་དེར་དམིགས་ནས་ཧྲུའུ་ཅི་རབ་མཆོག་ཉི་མས་ཁོ་ཚང་ལ་སྲིད་གཞུང་གི་རོགས་སྐྱོར་ཆད་ལྷག་མེད་པར་བྱིན་པར་མ་ཟད། ཁོ་རང་ཉིད་ཀྱིས་ཀྱང་ཁྱིམ་ཚང་དེར་རོགས་སྐྱོར་གང་ནུས་བྱས་ཤིང་། ད་དུང་སྤྱི་ཚོགས་སྟེང་གི་གཅེས་སེམས་ལྡན་པའི་མི་སྣ་བརྒྱུད་དཀའ་ཐུབ་ཚེ་རིང་ཚང་ལ་རྒྱུ་དངོས་གཉིས་ཀྱིས་རོགས་སྐྱོར་གང་ནུས་བྱས་སྟབས། ད་ལྟ་ལྟོ་རྒྱབ་ལ་འདང་རྒྱག་མེད་པ་ཞིག་ཏུ་གྱུར་ཡོད།
སྡེ་བ་དེའི་སློབ་གྲྭའི་སྐོར་ནས་གླེང་སྐབས། རབ་མཆོག་ཉི་མས“ང་དང་ཐོག་སྡེ་བ་འདིར་ཡོང་དུས། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་མཁོ་ཆས་དང་རྒྱབ་གོན་པ་སོགས་ཕྱོགས་གང་ཅིའི་ཆ་རྐྱེན་ཧ་ཅང་ཞན་པས། ངའི་ཡིད་ལ་ཐོག་མར་འཁོར་ཡོང་བ་ནི་སློབ་མ་རྣམས་ལ་སློབ་སྦྱོང་གི་སེམས་ཁམས་སྐྱིད་པོ་ཞིག་སྟེར་རྒྱུ་ནི་རང་ཉིད་ཀྱི་འགན་འཁུར་ཞིག་རེད་བསམ་ནས་དེའི་ཕྱོགས་སུ་འདང་བརྒྱབ་པ་ཡིན”ཞེས་བཤད་ལ། དེའི་ཐད་ནས་ཀྱང་ཁོས་རང་གི་ཐག་ཉེ་རིང་གི་གྲོགས་པོ་རྣམས་བརྒྱུད་དེ་སློབ་མ་རྣམས་ལ་མཁོ་བའི་དངོས་ཟོག་འབོར་ཆེན་བརྩོན་ལེན་བྱས་ཏེ། ལོ་རེ་རེར་སློབ་མ་རྣམས་ལ་ལྷམ་དང་བཅས་པའི་ལྭ་བ་ཆ་ཚང་ལོ་མང་པོར་བྱིན་པར་མ་ཟད། ཞོར་དུ་སྡེ་བའི་མང་ཚོགས་ལ་ཡང་འབྲས་དང་ཕྱེ། གྱོན་ཆས་སོགས་བསྡོམས་པས་སྒོར་འབུམ་གཅིག་ལྷག་གི་དངོས་ཟོག་བྱིན་པས། སྡེ་བའི་མང་ཚོགས་དང་སློབ་མའི་ཁྱིམ་བདག་སུ་ཡིན་ཡང་ཁོ་ལ་བཀའ་དྲིན་མི་ཞུ་མཁན་གཅིག་ཀྱང་མེད།
ཁོས་དེ་ལྟར་ལོ་མང་པོར་དབུལ་སྐྱོར་བྱ་བ་བསྒྲུབས་ཏེ་ཉམས་མྱོང་ཞིག་ཐོབ་པ་ནི། དབུལ་པོར་རྒྱུ་དངོས་ཀྱིས་རོགས་སྐྱོར་བྱས་པ་ཁོ་ནས་དབུལ་ཕོངས་རྩ་བ་ནས་སེལ་དཀའ་བས། དབུལ་ཕོངས་ཀྱི་རྩ་བ་སེལ་དགོས་ན། མི་རེར་ཡོང་སྒོ་འཚོལ་བའི་ལག་རྩལ་རེ་ཅིས་ཀྱང་ཡོད་དགོས་སྙམ་ནས་སྡེ་མི་རྣམས་ལ་ཁ་ཏ་སློབ་གསོ་བཏང་བ་དང་། ཁོ་རང་ངོས་ནས་ཐུན་རིན་རྫོང་ལས་ཞུགས་ཅུས་ལ་ཡར་ཞུ་བྱས་ཏེ། ཤེས་བྱ་དང་ལག་རྩལ“སྡེ་བར་སྐྱོད་པ”ཞེས་པའི་བྱ་འགུལ་སྣ་ཚོགས་ཐེངས13ལ་སྤེལ་ཏེ། སྡེ་མིར་ཟ་མ་གཡོས་སྦྱོར་དང་འཕྲུལ་རྟ་ཞིག་གསོ། བརྐོ་སྔོག་འཕྲུལ་འཁོར་གྱི་ཁ་ལོ་བ་སོགས་ལག་རྩལ་བསླབས་སུ་བཅུག་ཐོག འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ལ་འབྲེལ་གཏུག་བྱས་ནས་ཁོ་ཚོ་ལས་ཀར་ཞུགས་སུ་བཅུག་པ་དང་། དེས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་བརྟན་འཇགས་ངང་འཕར་བར་རམ་འདེགས་ཆེན་པོ་བྱས་ཡོད།
ཐུན་རིན་རྫོང་དབུལ་སྐྱོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དཔའ་མཁར་གྱིས“ཧྲུའུ་ཅི་རབ་མཆོག་ཉི་མས་ལོ་འདི་འགར་དབུལ་ཐར་མཁྲེགས་གཏོར་བྱ་བར་ནུས་པ་ཆེན་པོ་བཏོན་ཏེ། གོང་གི་སྲིད་ཇུས་འོག་ལ་བསྒྲགས་པ་དང་འོག་གི་གནས་ཚུལ་གོང་ལ་ཇི་བཞིན་དུ་ཞུས་པའི་དྲིན་དུ། ད་ལྟ་མག་སར་སྡེ་བར་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་སྟེ། ཐུན་རིན་རྫོང་གི་དབུལ་ཐར་སྡེ་བའི་མིག་དཔེར་འཛིན་གྱིན་ཡོད་ལ། དེ་དག་ཡོད་ཚད་ནི་ཧྲུའུ་ཅི་ཁོའི་བཀའ་དྲིན་ཡིན”ཞེས་རབ་མཆོག་ཉི་མར་གདེང་འཇོག་གང་ལེགས་གནང་བྱུང་།
དབུལ་ཐར་མཁྲེགས་གཏོར་གྱི་རྩ་བའི་དམིགས་འབེན་ནི་དམངས་ཡོངས་མཉམ་དུ་འབྱོར་འབྲིང་གི་ལམ་དུ་བསྐྱོད་རྒྱུ་དེ་ཡིན་ལ། དེ་ནི་ད་ལོ་ཅིས་ཀྱང་མངོན་འགྱུར་འབྱུང་དགོས་པའི་རང་རེའི་རྒྱལ་ཁབ་ཀྱི་གོང་འོག་ཀུན་ནས་ནུས་ཤུགས་བླ་ལྷག་འདོན་དགོས་ས་དེའང་ཡིན། དེའི་ཕྱིར། ཧྲུའུ་ཅི་རབ་མཆོག་ཉི་མས་ཀྱང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མག་སར་སྡེ་བའི་དབུལ་སྐྱོར་ཐད་ལ་རང་ནུས་ཅི་ཡོད་ཀྱིས་དགེ་བའི་ལས་སྣ་ཚོགས་བསྒྲུབས་པར་མངོན་སུམ་གྱི་འབྲས་བུ་སྨིན་ཏེ། ད་ལྟ་མག་སར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞེ་གསུམ་པོ་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། གཞིས་ཁྱིམ་གོར་མོ་སྐྱིད་ཀྱིས་ཁེངས་ཏེ་འཚོ་བ་གསར་པ་འཛུམ་གྱིས་བསུས་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།