ཞུན་ཧྭ་བིས་མདོ་ཞང་གིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་འཐབ་འཛིང་གི་བཙན་རྫོང་ནུས་པ་མཐོར་འདེགས་བཏང་།
2020.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དགོངས་དོན་དང་། ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དུ།  གཟབ་ནན་གྱིས་གཞི་རིམ་ཏང་འཛུགས་སྐྲུན་གྱི་ལས་འགན་ལ་སྐུལ་འདེད་བྱེད་པའི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར།  མཚོ་ཤར་ས་ཁུལ་ཞུན་ཧྭ་རྫོང་བིས་མདོ་ཞང་གིས་ཟླ་དྲུག་པའི་ནང“ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་ཏན་ཏིག་སྒོས་སྤེལ་ནས།  གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་།  འཐབ་འཛིང་གི་བཙན་རྫོང་ནུས་པ་མཐོར་འདེགས་བཏང་།

གཅིག ཏང་དངུལ་བསྡུ་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཏང་ཡོན་ལས་བྱེད་པའི་ཏང་གཤིས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ།

ཞིང་སྡེའི་ཏང་ཡོན་གྱི་ཏང་གཤིས་འདུ་ཤེས་དང་དམིགས་ཡུལ་འདུ་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་།  ཏང་ཡོན་ལ་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུར་སྐུལ་ལྕག་བཏང་ནས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དཔེ་བཟང་གི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་རྒྱུ་མ་ཟད།  བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཆེད་དུ།  བིས་མདོ་ཞང་གིས་ཟླ་རེའི“ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་ཁྲོད་ཏང་དངུལ་བསྡུ་ལེན་བྱ་རྒྱུ་དེ་བྱ་འགུལ་ཧྲིལ་པོའི“མགོ་རྩོམ་པའི་ལེའུ”ལྟ་བུར་བརྩིས་ནས།  ཞིང་སྡེའི་ཏང་ཡོན་ལ་རང་རྟོགས་དང་།  རང་འགུལ་དང་ཧུར་བརྩོན་གྱིས་ཏང་དངུལ་སྤྲོད་དུ་བཅུག་པ་དང་།  ཏང་ཡོན་གྱི་འོས་འགན་ལག་བསྟར་བྱས་པ་དང་།  ཏང་ཡོན་རྣམས་ལ་ཏང་དངུལ་སྤྲོད་པའི་དོན་སྙིང་གལ་ཆེན་གང་ལེགས་ཀྱིས་ངོས་ཟིན་དུ་བཅུག་སྟེ།  ཏང་དངུལ་སྤྲོད་ལེན་གྱི་འགྲོ་ལུགས་ལྟར་གཟབ་ནན་བྱེད་པ་དང་།  ནན་ཏན་གྱིས་ཐོ་འགོད།  གྲངས་ཀ་གསལ་པོ་བཅས་བྱས་ནས།  དུས་ཐོག་ཏུ་ཞང་ཏང་ཨུ་ལ་ཏང་དངུལ་ཡར་སྤྲོད་བྱས་པར་མ་ཟད།  ཏང་ཡོན་གྱི་ཚོགས་ཆེན་ཐོག་ནས་ཏང་དངུལ་བསྡུ་ལེན་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱེད་དུ་བཅུག་པ་རེད།

གཉིས།  གཅིག་བསྡུས་ཀྱིས་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཏང་ཡོན་ལས་བྱེད་པའི་འཇོན་ཐང་ནུས་པ་དང་བྱང་ཚད་སྔར་ལས་མཐོར་འདེགས་བཏང་།

སྡེ་བ་རེ་རེའི་ཏང་ཀྲི་པུའུ་ཡིས་གཅིག་བསྡུས་སྒོས་སློབ་སྦྱོང་བྱ་རྒྱུ་དེ“ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་གྱི“ངེས་པར་སྦྱོང་དགོས་པའི་བསླབ་ཚན”དུ་བརྩིས་ནས། ཏང་ཡོན་གཅིག་བསྡུས་སྒོས་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི2020ལོའི་ལོ་འཁོར་མོའི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་གཙོ་གནད་ལས་འགན་གྱི་གསལ་ཐོ་ཞིབ་ཕྲ་ནན་ཏན་གྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁོང་དུ་ཆུད་པའི་སྒོ་ནས་བེད་སྤྱད་དེ་གྲོང་གསེབ་ཀྱི་ཞིང་སྡེའི་ཏང་ཡོན་གྱི་ཀླད་པར་དྲག་ཆས་སྤྲས་པ་དང་།  ཞིང་སྡེའི་ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས།  ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་སྔར་ལས་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད།  ཏང་ཡོན་ཚང་མས་དབུལ་ཐར་མཁྲེགས་གཏོར་དང་སྣེ་ཁྲིད་ཕྱུག་བསྒྱུར།  གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བའི་ཁྲོད་གཞན་གྱི་སྔོན་དུ་སྐྱོད་པར་བརྩོན་པ་དང་།  གཞན་ལ་མིག་དཔེ་སྟོན་པར་འབད་པ།  ཚད་ཤིང་འཛུགས་པ།  ལེགས་སྐྱེས་འབུལ་བར་དོ་སྣང་བཅས་བྱེད་པར་ཁྲིད་སྟོན་བྱས་པ་དང་།  ཀྲི་པུའུ་སོ་སོས་ད་ལོའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་ལས་འགན་གསལ་ཐོ་དབྱེ་འབྱེད་གསེད་བཀྲོལ་བྱས་པ་བརྒྱུད་ནས།  བསྒྲུབ་བྱའི་ལས་འགན་སྔར་བས་ཁ་གསལ་བཟོས་པ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དེ་རྒྱུན་ཆད་མེད་པར་ཤུགས་ཇེ་དྲག་ཏུ་གཏོང་ཆེད་ཁ་ཕྱོགས་གསལ་པོ་བསྟན་ཡོད།

གསུམ།  ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  སྔར་ལས་ལྷག་པར་གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་དང་འཕྲོད་བསྟེན་གཙང་སྦྲ་ལེགས་བཅོས་བཏང་བ།

ཀྲི་པུའུ་སོ་སོས་ཟླ་བ་རེ་རེའི“ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་ཁྲོད་སྡོད་སའི་ཁོར་ཡུག་གི་འཕྲོད་བསྟེན་གཙང་སྦྲ་བཅོས་སྐྱོང་བྱེད་པའི་བྱ་བ་དེ་བྱ་འགུལ་ཧྲིལ་པོའི་གཙོ་གནད་དང“སྙིང་པོའི་ཡང་སྙིང”ལྟ་བུར་བརྩིས་ནས།  ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ནང་དུ་ཞུགས་པའི་དཔེ་དབྱིབས་རྣམ་པ་དང་།  གཅིག་སྡུད་ཀྱི “མཉམ་འཛོམས་དམག་འཐབ་ཆེན་པོ”ཡི་བྱེད་སྟངས་སྤྱད་དེ།  སྡེ་བ་སོ་སོ་རུ་སྡོད་གནས་ཁོར་ཡུག་གི་གཙང་སྦྲ་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་ཐེངས་ཞེ་དགུ་པའི་ཁོར་ཡུག་ཉིན་མོ་ཡང་ཡིན་པའི་སྟབས་ཀྱིས།  སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱས་ཤིང་།  སྐྱེ་ཁམས་ཀྱི་རིག་གནས་དར་སྤེལ་དང་སྐྱེ་ཁམས་ཀྱི་རིན་ཐང་དར་སྤེལ་གཏོང་ཅི་ཐུབ་བྱས་ལ།  སྡེ་མི་ཡོངས་རྫོགས་ཁོར་ཡུག་བཅོས་སྐྱོང་གི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ།  ཞང་ཡོངས་ཀྱི་ཁྱབ་ཁོངས་ནས་ཡང་བསྐྱར་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་པའི་མཐོ་རླབས་གསར་པ་ཞིག་འཕྱུར་དུ་བཅུག་ནས།  ཟླ་དྲུག་པའི་ཏང་གི་ཉིན་མོའི་བྱ་འགུལ་ལ་ཕུན་སུམ་ཚོགས་པའི་རྫོགས་ཚིག་བཀོད།

བཞི།  ལྟ་ཞིབ་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ།  “ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་གྱི་ཕན་འབྲས་སྔར་ལས་མངོན་གསལ་ཡོང་བར་བྱས་པ།

བྱ་འགུལ་ལ་ཕན་འབྲས་ངོ་མ་ཞིག་ཐོབ་ཐུབ་པའི་ཆེད་དུ།  བིས་མདོ་ཞང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏེགས་པ་དང་།  རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་སྒྲིག་ཨུའི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས་ནས་དངོས་སུ་བིས་མདོ་ཞང་དུ་སོང་སྟེ“ངེས་གཏན་ཏང་གི་ཉིན་མོ”ཡི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་མཛུབ་སྟོན་བྱས་པ་རེད།  སྡེ་བ་རེ་རེར་སླེབས་པ་ན།  གཞི་རིམ་གྱི་སྡེ་བ་དེ་གའི་བྱ་འགུལ་སྤེལ་བའི་གནས་ཚུལ་དང་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་བྱ་བར་དམིགས་ནས་ནན་ཏན་གྱིས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་འབྲེལ་བླང་བྱ་བཏོན་ཞིང་།  རེབ་ཐེངས་འདིའི“ལྟ་ཞིབ་མཛུབ་སྟོན་གྱི་ལེ་ཚན”དམིགས་བསལ་བ་དེ་བརྒྱུད་ནས།  ཀྲི་པུའུ་སོ་སོས་གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བར་གཙིགས་མཐོང་ཆེན་པོ་བྱས་པ་དང་།  ཀྲི་པུའུ་ཧྲུའུ་ཅིས་ནུས་ལྡན་སྒོས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ལ།  ཏང་ཡོན་ཡོངས་རྫོགས་ཀྱིས་གཅིག་བསྡུས་སྒོས་ཚད་ཤིང་གི་སྟོབས་ཤུགས་ཅི་རིགས་ལ་བརྟེན་ནས་བྱ་བ་སྣ་ཚོགས་ཆད་ལུས་མེད་པར་འགྲུབ་པར་བྱས་པ་དང་།  ཏང་འཛུགས་སྐྲུན་གྱི་བྱ་བས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་སྐབས་བབ་ཀྱི་གཙོ་གནད་བྱ་བ་ཕན་ཚུན་ཟུང་འབྲེལ་བྱས་ནས།  གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བརྒྱབ་པ་དང་།  གཞི་རིམ་གྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་མཐོར་འདེགས་བཏང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།