གྱོད་མེད་ན་སྡེ་བ་བཙན་པོ་ཡིན། དོམ་མེད་ན་ཁྱིམ་ཚང་ཕྱུག་པོ་ཡིན།
2020.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ཉེ་སྔོན། གསར་འགོད་པ་ཁྲི་ཀ་རྫོང་བདེ་སྐྱིད་ཚོ་བ་གཞིས་ཁུལ་དུ་དབུལ་སྐྱོར་གནས་སྤོར་བྱས་ཡོད་པའི་འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བའི་སྡེ་མི་བན་དེ་མཁར་ཚང་ལ་བཅར་འདྲིར་ཕྱིན། ཁོར་ཡུག་གཙང་ཞིང་གྲ་དག་ཅིང་། མེ་ཏོག་ལྡུམ་ར་དང་རྩི་ཤིང་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་གཞིས་ཁུལ་དེ་ནི་དབུལ་སྐྱོར་གནས་སྤོ་གཞིས་ཁུལ་ཞིག་རེད་ཅེ་ན་དངོས་གནས་ཡིད་ཆེས་དཀའ་བའི་ཚོད་རེད། བན་དེ་མཁར་གྱིས་ང་ཚོའི་མདུན་ནས་བསུས་ཏེ་ཁོ་ཚང་སྡོད་སའི་ཐོག་ཁང་དུ་ཁྲིད་ཅིང་། ཤ་དང་གོ་རེ། སིལ་ཏོག་སོགས་ཀྱི་སྡེར་ཁ་བསྒྲིགས་ཡོད་པའི་ཅོག་ཙེའི་མདུན་དུ་འདུག་པར་བསྐུལ། ཁོའི་ཁྱིམ་དུ་བོད་ལུགས་ཀྱི་རྣམ་པའི་མཛེས་བཟོ་ལེགས་པོ་བྱས་ཡོད་པར་མ་ཟད། འབོལ་ཁྲི་དང་བརྙན་འཕྲིན། འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་ཁྱིམ་ཆས་མང་པོ་ཡོད་པས། བལྟས་ཚོད་དུ་རང་ཅག་ཡོང་ས་ནོར་འདུག་སྙམ་པའི་སྣང་བ་ཞིག་བྱུང་བ་ན། ཁོས་གདོང་ལ་འཛུམ་གྱིས་ཁེངས་བཞིན་འཕྲལ་མར་ང་ཚོར“ཁང་པ་འདིར་རྨི་གྲུ་བཞི་མ་བརྒྱད་ཅུ་ཡོད་ལ། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ་རྒྱལ་ཁབ་གྱིས་དབུལ་ཕོངས་ཁྱིམ་ཚང་གི་མི་གྲངས་མང་ཉུང་ལྟར་བཀོད་སྒྲིག་བྱས་པ་ཡིན། འདིར་རང་སྟེང་ནས་སྒོར་ཁྲི་གཅིག་ཙམ་ལས་མ་བྱིན་པར་འདུག་ཐུབ་སོང”ཞེས་མཚམས་སྦྱོར་བྱས།

ང་ཚོས་མུ་མཐུད་དུ་ཁ་བརྡ་བརྒྱུད་དེ་རྒྱུས་ལོན་བྱུང་བ་ལྟར་ན། བན་དེ་མཁར་ནི་ད་ལོར་ལོ་ན་ཞེ་བདུན་ལ་སོན་ཡོད་པ་དང་ཁོ་ཚང་ལ་བཟའ་མི་བཞི་ཡོད། ཁོ་ཚང་ནི་ཉིས་སྟོང་བཅོ་ལྔ་ལོར་ཁྲི་ཀ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་གནས་ཚུལ་དངོས་ལ་དཔྱད་ཞིབ་བྱས་པ་བརྒྱུད་དེ་གཏན་འཁེལ་བྱས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ཉེ་བའི་ལོ་འདི་འགའི་རིང་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པ་ནས་བཏོན་པའི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་བྱས་པའི་འོག དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ་གྲོང་ཁྱེར་པའི་འཚོ་བ་གསར་པ་ཞིག་རོལ་མགོ་བརྩམས་པ་རེད།

དེ་ཡང་གཟར་བའི་ལ་མོ་མ་བརྒལ་ན། བདེ་མོ་ཐང་ལ་ཐོན་མི་ཐུབ་ཅེས་པའི་དཔེ་བཞིན་དུ། བན་དེ་མཁར་ལ་མཚོན་ནའང་ཕྱུག་འགྱུར་གྱི་ལམ་བུའི་སྟེང་དཀའ་སྡུག་གང་མང་ཞིག་མྱངས་ཡོད་པ་སྨྲས་མ་དགོས་ཏེ། ཁོ་རང་ཆུང་དུས་སུ་ཁྱིམ་གྱི་འབྱོར་བ་དེ་འདྲ་བཟང་རྒྱུ་མེད་པའི་ཁར་སྤུན་མཆེད་བདུན་ཡོད་པས། སོ་སོར་ལོགས་སུ་ཁྱིམ་ཚང་ཆུང་ཆུང་རེ་བཅའ་རྒྱུའང་ཅུང་དཀའ་ཚོད་དུ་འདུག ཁོ་རང་ཆིག་སྟོང་དགུ་བརྒྱ་གོ་གསུམ་ལོར་དམའ་འབྲིང་སློབ་མཐར་ཕྱིན་རག་བར་དུ་སློབ་གྲྭར་འགྲིམས་མྱོང་མོད། ཡིན་ཡང་མཐར་ཕྱིན་ཡིག་རྒྱུགས་མ་འཕྲོད་པའི་རྐྱེན་གྱིས་སློབ་གྲྭའི་འཚོ་བར་བདེ་མོ་འཇོག་དགོས་བྱུང་། དེའི་རྗེས་སུ་ཧ་ལམ་ལོ་ངོ་ལྔ་ཡི་རིང་ལ་ཡུལ་ནས་ཕྱུགས་རྫི་བྱས་པ་དང་། ཁྱིམ་ཐབ་འཛིན་རན་དུས་ཕུ་བོས་ཁོར་ནོར་ལུག་བཞི་བཅུ་ལྷག་བྱིན་ལ། དེ་ནས་ཅང་མ་འགོར་བར་ཁོས་ཀྱང་ཆུང་མ་བླངས་ཏེ་ཁྱིམ་ཚང་ཆུང་ཆུང་ཞིག་གི་ཁྱིམ་བདག་ཏུ་གྱུར། དུས་ཀྱི་འགྱུར་བག་ཁྲོད་ནས་ཁོས་རིམ་གྱིས་ནོར་ལུག་ཁོ་ནར་བརྟེན་ནས་ཡོང་སྒོ་བཙལ་བ་ཙམ་གྱིས་ཁྱིམ་ཚང་ལ་ཡར་རྒྱས་ཆེན་པོ་འབྱུང་དཀའ་བ་རྟོགས་ཏེ། མ་རྩ་སྒོར་མོ་སྟོང་གསུམ་ལྷག་ཙམ་བཟུང་སྟེ་མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དུ་སོང་ནས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ནས་ཚོང་ལམ་དུ་ཞུགས་ལ། དེར་འཚམ་གྱི་ཡོང་སྒོའང་མི་ཉུང་བ་ཞིག་རག་སོང་མོད། ཡིན་ཡང་བུ་ཕྲུག་གཉིས་ཀའི་སློབ་སྦྱོང་དམ་འཛིན་དང་ཤུགས་སྣོན་བྱེད་ཆེད། ཕྱིར་ཕ་ཡུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་འོངས་ཏེ་ཚོང་ཁང་ཞིག་གཉེར་ཞོར་བུ་ཕྲུག་སློབ་གྲྭར་བསྐྱལ། སྐབས་དེར་ཚོང་ཁང་གི་ཚོང་ཅུང་བྲིན་པ་དང་དབྱར་རྩྭའི་ཚོང་ཉུང་ཙམ་བརྒྱབ་པ་སོགས་ཀྱིས་ཁོའི་ཁྱིམ་གྱི་ཆ་རྐྱེན་ཡང་དེ་སྔོན་དང་བསྡུར་ན་ཅུང་ཙམ་འཕེལ་རྒྱས་སུ་སོང་ཡང་། ཆོས་ཚ་སྡེ་བའི་ཁྱིམ་ཚང་བརྒྱ་དང་དྲུག་ཅུ་ལྷག་ཡོད་པའི་ཁྲོད་སྔར་བཞིན་དབུལ་ཕོངས་ཁྱིམ་ཚང་གི་གྲས་ཡིན་པས། ཉིས་སྟོང་བཅོ་ལྔ་ལོར་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོའི་ཉི་ཟེར་རྒྱལ་ཡོངས་ཀྱི་ཡུལ་གྲུ་ཀུན་ཏུ་འཕྲོས་པ་ནས་བཟུང་། ཁོ་ཚང་ཡང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བདམས་ནས་ལོ་རེ་བཞིན་རྩྭ་སྲུང་བའི་གླ་ཕོགས་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དང་དྲུག་བརྒྱ་ཡོད་པ་དང་སྡེ་བའི་ཉེན་རྟོག་པའི་གླ་ཕོགས་སྒོར་མོ་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱ་ཡོད་ཅིང་།  དེ་ལས་གཞན་པའི་དབུལ་སྐྱོར་རོགས་དངུལ་སྣ་ཚོགས་བཅས་ཕལ་ཆེར་ལོ་གཅིག་ལ་སྒོར་མོ་ཁྲི་དྲུག་ལྷག་གི་ཡོང་སྒོ་ལེན་ཐུབ་པ་བྱུང་བས། ཁྱིམ་ཚང་གི་འབྱོར་བའང་དབྱར་མཚོ་རྒྱས་པ་ཇི་བཞིན་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་དངོས་སུ་དབུལ་ཐར་བྱས། བཤད་མཚམས་འདིར་སླེབས་སྐབས། ཁོའི་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་གིས་ཁེངས་བཞིན“ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་གྱིས་ད་ལྟ་རྒྱབ་མི་གྲང་ཞིང་ཕོ་བ་མི་ལྟོགས་པར་རང་ཁ་རང་གསོ་བྱེད་ཐུབ་པར་མ་ཟད། ཁྱིམ་ཚང་གི་མཐུན་རྐྱེན་ཡང་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད”ཟེར།

དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྟོབས་ཀྱིས་དབུལ་སྐྱོར་བྱེད་དགོས་ཞེས་པ་ལྟར། ད་ལྟའི་བན་དེ་མཁར་ནི་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ན་འཕེལ་རྒྱས་སུ་ཕྱིན་པ་ཙམ་མ་ཡིན་པར། རང་ཉིད་ཀྱི་བསམ་པའི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གསུམ་གྱི་ནང་ཞུགས་ཡོད་པར་མ་ཟད། མགྱོགས་འཕྲིན་ལམ་དུའང་དམངས་གླུ་དང་རྡུང་ལེན་སོགས་བླངས་ཏེ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་པའི་ཐད་གཏོང་མཁན་ཞིག་ཏུ་གྱུར་ཡོད་ལ། འཕྲང་དམར་གྲོང་རྡལ་དང་ཐ་ན་ཁྲི་ཀ་རྫོང་ཁོངས་སུའང་གླུ་པ་དང་མདོ་འཛིན་པ་མིང་གྲགས་ཅན་གྱི་མཚན་སྙན་ཐོབ་ཡོད་པས། དངོས་གནས་བོས་ན་མིང་ཡོད་ཅིང་བགོས་ན་སྐལ་ཡོད་པའི་མི་ཞིག་རེད་ཅེས་བཤད་ཆོག་ཆོག་རེད།

རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་དང་གོང་རིམ་སྲིད་གཞུང་གིས་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་གང་ལེགས་ཀྱིས་འདོན་སྤེལ་བྱས་པར་བརྟེན། ཁོ་རང་སྔོན་ཆད་ཀྱི་རི་ཁའི་ཕྱུགས་རྫི་ཞིག་ནས་ད་ལྟའི་གྲོང་ཁྱེར་པ་ངོ་མ་ཞིག་ཏུ་གྱུར་འདུག་ལ། མ་འོངས་པ་ནའང་ཁོ་རང་ཚོང་ལས་ཀྱི་ཕྱོགས་སུ་ཞུགས་འདོད་ཡོད་པར་བརྗོད། མཐར་ཁོས་གསར་འགོད་པར“གནའ་མིའི་ཁ་དཔེར་ཡང་། ‘གྱོད་མེད་ན་སྡེ་བ་བཙན་པོ་ཡིན། དོམ་མེད་ན་ཁྱིམ་ཚང་ཕྱུག་པོ་ཡིན’ཞེས་པའི་དཔེ་ལྟར། ད་ལྟ་རང་ལ་མཚོན་ནའང་དོམ་དང་དཀའ་ཁག་གཅིག་ཀྱང་མེད་པར་བཟའ་མི་གང་པོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད”ཅེས་བཤད་ཞོར་དུ་དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ་ཞིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་ལུས་བདེ་སེམས་སྐྱིད་ངང་འབྱོར་འབྲིང་ལམ་དུ་བསྐྱོད་དང་སྐྱོད་བཞིན་མཆིས།

                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།