རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་པ་བསོད་ནམས་སྟོབས་ལྡན།
2020.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 58

 བསོད་ནམས་སྟོབས་ལྡན་གྱི་ཡིད་ལའང་དྲན་མ་མྱོང་བ་ཞིག་ནི། ལོ་ན40སྟེང་ཁོས་མི་ཚེའི་ཐོག་གི་ལས་ཞུགས་གྲོས་མཐུན་དང་པོའི་སྟེང་མིང་རྟགས་བཀོད་དེ། སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་བ་དེ་རེད།

“སྔོན་ཆད། མི་རྣམས་ཀྱི་སེམས་སུ་དྲན་པ་ནི་སྒོ་ཕྱུགས་མང་པོ་ཞིག་འཚོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། ད་ལྟ་ཚང་མས་དྲན་བཞིན་པའི་དོན་དག་མང་ཤོས་ནི་ཕ་ཡུལ་གྱི་རྩྭ་ས་དང་ཆུ་བོ་ཇི་ལྟར་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ”ཅེས་པའི་སྐད་ཆ་འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་སྐྱེ་ཁམས་ལྟ་སྲུང་པ་བསོད་ནམས་སྟོབས་ལྡན་གྱིས་བཤད་པ་རེད།

བསོད་ནམས་སྟོབས་ལྡན་གྱིས་སྔོན་ཆད་རྨ་ཆུའི་མགོ་ཁུངས་སུ་ཕྱུགས་འཚོས་མྱོང་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་ཚུགས་པའི་རྗེས་སུ། ལྟེ་བའི་སྲུང་སྐྱོབ་ཁུལ་དུ་ཕྱུགས་འཚོ་མཚམས་བཞག་པས་ཁོ་རང་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར།

ཟླ4པའི་ཟླ་དཀྱིལ་ལ། རྨ་སྟོད་རྫོང་དུ་ཁ་བ་ཆུང་ཆུང་བབས་ཤིང་། རྩྭ་ཐང་སྔར་བཞིན་འཁྱགས། གསར་འགོད་པ་བསོད་ནམས་སྟོབས་ལྡན་གྱི་འཕྲུལ་རྟའི་འཕོངས་ལ་ཞོན་ནས། མཉམ་དུ་རི་ལ་སྐོར་ཞིབ་བྱས་ཤིང་། འགྲོ་ཞོར་དང་ཁ་བརྡ་བྱེད་ཞོར་བྱས། “ང་རང་སྐྱེ་ཁམས་ལྟ་སྲུང་པ་བྱས་ཏེ་ལོ་ངོ3ལྷག་འགོར་ཞིང་། མཚམས་ལན་རེར་འཕྲུལ་རྟར་ཞོན་ཏེ་ཕྱི་ལ་སོང་བ་དང་། མཚམས་ལན་རེར་རྟར་ཞོན་པ་ཡིན། དོ་དམ་སྲུང་སྐྱོབ་ཁུལ་གྱི་གད་སྙིགས་དང་སྦགས་བཙོག་དངོས་པོ་གཙང་སེལ་བྱས་པ་ལས་གཞན། ད་དུང་རྩྭ་ཐང་གི་རྨང་གཞིའི་སྒྲིག་བཀོད་ཞིག་གསོ་དང་། སྐྱེ་ཁམས་ལྟ་སྲུང་གི་ཉིན་རེའི་གནས་ཚུལ་གྱི་རེའུ་མིག་བསྐང་དགོས་ཤིང་། རི་སྐྱེས་སྲོག་ཆགས་རྨས་མ་མཐོང་ཚེ། མྱུར་སྐྱོབ་བྱེད་དགོས།”

བསོད་ནམས་སྟོབས་ལྡན་གྱིས་ཉིན་རེར་སྐོར་སྲུང་བྱེད་སྐབས་ལམ་བྲོ་བཟུང་ཡོད་ལ། ལྟོགས་སྐབས་བྲོ་ཁ་ཅུང་ཙམ་རེ་ཟོས་ཏེ་མུ་མཐུད་དུ་སྐོར་སྲུང་བྱ་བ་བསྒྲུབས།

བསོད་ནམས་སྟོབས་ལྡན་ནི་རྨ་སྟོད་རྫོང་རྨ་ཆུ་ཞང་རེ་ཆུ་སྡེ་བའི་དབུལ་ཁྱིམ་ཞིག་ཡིན་ལ། སྐྱེ་ཁམས་གནས་སྤོ་དང་བསྟུན་ནས། ཁོ་རང་དཀར་གསལ་ལྡན་ལ་མཛེས་ཆ་དོད་པའི་ཁང་པ་ཞིག་ཏུ་བསྡད་ཅིང་། སྐྱེ་ཁམས་ལྟ་སྲུང་པའི་ལོ་གཅིག་གི་ཟླ་ཕོགས་སྒོར་ཁྲི2ལྷག་ཡོད། དེའི་ཁར་རྩྭ་སའི་ཁ་གསབ་བསྣན་ཚེ། ཁྱིམ་ཚང་གང་པོ་དབུལ་ཐར་བྱུང་ཡོད།

རྨ་སྟོད་རྫོང་དུ། བསོད་ནམས་སྟོབས་ལྡན་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་ཁྱོན་བསྡོམས་མི3042ཡོད་ལ། ད་ལྟ་སྲིད་གཞུང་དང་མང་ཚོགས་མཉམ་དུ་ཞུགས་ཤིང་བཅོས་སྐྱོང་བྱེད་པའི་དམངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་ཆགས་ཟིན། འབྲོག་པ་ཚོས་སྐྱེ་ཁམས་ཀྱི“ཁེ་སྤོགས”ལོངས་སུ་སྤྱོད་པ་དང་མཉམ་དུ། སྐྱེ་ཁམས་ལྟ་སྲུང་གི་འོས་འགན་ཕྲག་ཏུ་ཁུར་ཡོད་ལ།  དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད།

“འབྲོག་པའི་ཡོང་སྒོའི་ཆུ་ཚད་སྔོན་དང་བསྡུར་ན་ཇེ་མང་དུ་སོང་ཡོད་པས། སྐྱེ་ཁམས་ལྟ་སྲུང་པའི་ཧུར་བརྩོན་གྱི་བསམ་པའང་ཅུང་ཇེ་མཐོར་ཕྱིན་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་གནས་བབ་ནི་འདི་ལྟ་བུ་ཞིག་ཡིན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བསྒྱུར་གྱི་གཉིས་ཕན་དམིགས་འབེན་མངོན་འགྱུར་འབྱུང་རྒྱུ་དེ་ཡིན”ཞེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ལྟ་སྲུང་ས་ཚིགས་ཀྱི་མགོ་གཙོ་གཞོན་པ་ཧན་ཁྲང་ཕུན་གྱིས་དེ་ལྟར་བཤད་བྱུང་།

ལོ་གང་མང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ནས། རྨ་སྟོད་རྫོང་གི་རྩྭ་ས་ཞན་འགྱུར་གྱི་རྣམ་པར་ཚོད་འཛིན་བྱེད་ཐུབ་ཡོད། ཁེབས་ཚད་འབྲིང་བའི་རྩྭ་སའི་རྒྱ་ཁྱོན་མུ་མཐུད་དུ་བརྟན་འཇགས་སུ་འགྲོ་བཞིན་ཡོད་ལ། ཁེབས་ཚད་མཐོ་བའི་རྩྭ་སའི་རྒྱ་ཁྱོན་ལོ་རེར་སྤྱི་ལེ་གྲུ་བཞི་མ685ཡི་མྱུར་ཚད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད། ས་ནག་དང་། བྱེ་འགྱུར། ཨ་བྲའི་གནོད་འཚེ་བཅས་ཀྱི་རྒྱ་ཁྱོན་སོ་སོར20%དང30%དང27%བཅས་མར་ཆག་ཡོད། དེང་སྐབས། རྨ་ཆུའི་མགོ་ཁུངས་སུ་དབྱར་སྟོན་གྱི་དུས་སུ་ཨ་བྲ་ཁྱུ་དང་ཁྱུ་བྱས་ནས་རྒྱུག་བཞིན་ཡོད་པ་དང་། དགུན་དཔྱིད་དུ་བྱེ་རྡུལ་གང་སར་འཚུབ་པའི་རྣམ་པ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཡོད། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།