དབུལ་ཕོངས་ཁྱིམ་ཚང་འབྱོར་ཕྱུག་གི་ལམ་དུ་བསྐྱོད།
2020.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ད་ལོའི་ཟླ་དྲུག་པའི་ཟླ་སྟོད་ལ། མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཞང་བོང་རྒྱ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་པད་མ་བསྟན་འཛིན་གྱི་ཁྱིམ་དུ་དགའ་བའི་དོན་ཞིག་བྱུང་བ་དང་། དེ་ནི་པད་མ་བསྟན་འཛིན་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གི་བོང་རྒྱ་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་སྣེ་ཁྲིད་འོག འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལག་འཁྱེར་ཐོབ་ཐང་བདེ་བླག་ངང་ལེན་ཐུབ་པ་བྱུང་ཏེ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཏུ་གྱུར་བ་དང་། འཚོ་བ་འབྱོར་འབྲིང་གི་མགྱོགས་ལམ་དུ་ཞུགས་ཐུབ་པ་བྱུང་བ་དེ་རེད།

ད་ལོའི་ལོ་སྟོད་ལ། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བས། ཁེ་ལས་དང་བཟོ་གྲྭས་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་། ལས་ཞུགས་ལས་གནས་ལྟོས་བཅས་ཀྱིས་ཇེ་ཉུང་དུ་སོང་ལ། མ་གཞི་ཕྱི་རུ་ཞོར་ལས་ལ་འགྲོ་འདོད་པའི་མི་མང་པོ་ཞིག་རང་ཡུལ་དུ་བསྡད་དེ་ལས་ཀར་སྒུག་ནས་བསྡད་པས། ཡོང་སྒོ་མེད་པར་གྱུར། དབུལ་ཕོངས་ཁྱིམ་ཚང་གི་ཡིན་པའི་པད་མ་བསྟན་འཛིན་ཡང་གནད་དོན་དེ་ལ་འཕྲད། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་མི་སྣ་ཧན་ཡུས་ཞོན་གྱིས་གནས་ཚུལ་དེ་ཤེས་རྗེས། པད་མ་བསྟན་འཛིན་ཞོང་ཧྭ་རྫོང་ཐོག་ཏུ་སོང་ནས་གླ་གཏོང་རླངས་འཁོར་བསྐོར་བ་ལ་བརྟེན་ནས་ཡོང་སྒོ་བཙལ་བའི་བསམ་འཆར་བཏོན་པ་དང་བྱ་བ་དེ་ལ་འོས་འཚམ་གྱིས་ཁྲིད་སྟོན་བྱས་པར་མ་ཟད། རང་འགུལ་གྱིས་གླ་གཏོང་རླངས་འཁོར་ལས་རིགས་ཀྱི་འཕེལ་རྒྱས་མདུན་ལྗོངས་ལ་དབྱེ་ཞིབ་བྱས་ནས་གླ་གཏོང་རླངས་འཁོར་དོ་དམ་འཁོར་བསྐྱོད་བྱེད་པའི་ཐད་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱས། དུས་མཚུངས་སུ། འགྲིམ་འགྲུལ་སྡེ་ཁག་དང་གླ་གཏོང་རླངས་འཁོར་སྐྱེལ་འདྲེན་ཀུང་ཟི་དང་འབྲེལ་འདྲིས་བྱས་པ་བརྒྱུད་དེ་འབྲེལ་ཡོད་དམིགས་བསལ་སྲིད་ཇུས་རྒྱུས་ལོན་བྱས་ནས། པད་མ་བསྟན་འཛིན་ལ་མུ་མཐུད་དུ་སྐུལ་མ་བཏང་སྟེ། ལས་སྐྲུན་ཡིད་ཆེས་ཇེ་བརྟན་དུ་བཏང་།

པད་མ་བསྟན་འཛིན་ལ་རིག་གནས་ཆུ་ཚད་མཐོན་པོ་མེད་པ་དང་། གློག་ཀླད་ཡང་བཀོལ་སྤྱོད་བྱེད་མི་ཤེས། དེའི་སྟེང་ལ་ད་དུང་རླངས་འཁོར་གྱི་དཔང་ཡིག་ལེན་པའི་རྒྱུགས་ལེན་ལ་ཐེངས་མང་པོར་ཞུགས་ཀྱང་རྒྱུགས་མ་འཕྲོད་པ་དེས་ཁོ་ལས་ཞུགས་ཐོབ་ཐང་རྒྱུགས་ལེན་ལ་ཞུགས་འདོད་མེད་པར་གྱུར། པད་མ་བསྟན་འཛིན་གྱི་སེམས་ཁམས་དེ་ཁྱད་བསལ་བྱེད་ཆེད། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་ནང་གི་ཧན་ཡུས་ཞོན་གྱིས་ཐེངས་མང་པོར་སེམས་ཁམས་ཐད་ནས་ཁྲིད་སྟོན་བྱས་པ་དང་། རྒྱུགས་ལེན་ཤེས་བྱ་བསྐྱར་སྦྱོང་བྱེད་དུ་བཅུག་ནས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་ནུས་རྩལ་གསོ་སྦྱོང་དང་ཁ་གསབ་བརྩོན་ལེན་བྱས་པར་མ་ཟད། པད་མ་བསྟན་འཛིན་དང་མཉམ་དུ་ལས་ཞུགས་རྒྱུགས་ལེན་ལ་ཞུགས་ཏེ། ཡུལ་དངོས་ནས་ཁོར་སྐུལ་མ་བྱས་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་། མཐའ་མཇུག སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་སྣེ་ཁྲིད་འོག པད་མ་བསྟན་འཛིན་གྱིས་ལས་ཞུགས་ཐོབ་ཐང་རྒྱུགས་ལེན་ལས་རྒྱུགས་འཕྲོད་པ་དང་། འགྲུལ་སྐྱེལ་སྐྱེལ་འདྲེན་ལས་ཞུགས་ཐོབ་ཐང་དཔང་ཡིག་ལེན་ཐུབ་པ་བྱུང་། མིག་སྔར། པད་མ་བསྟན་འཛིན་གྱིས་གཙོ་བོ་ཞོང་ཧྭ་རྫོང་མཁར་དང་དེའི་ཉེ་འགྲམ་གྱི་ཞང་དང་གྲོང་རྡལ་དུ་འགྲུལ་བ་སྐྱེལ་འདྲེན་བྱེད་བཞིན་ཡོད། ལས་ཐོན་བསྐྱར་ཚུགས་དང་བསྟུན་ནས་གནས་སྐོར་བ་མང་པོ་ཡོང་བའི་དུས་ཚིགས་ལ་སླེབས་པ་དང་། རྫོང་མཁར་གྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་རིམ་བཞིན་ཇེ་མང་དུ་སོང་ལ། པད་མ་བསྟན་འཛིན་གྱི་ཡོང་སྒོ་ཡང་ཉིན་རེ་ཇེ་མང་དུ་སོང་བ་དང་། ཟླ་གཅིག་ལ་སྒོར་སྟོང་ལྔ་ཡི་ཡོང་སྒོ་ཡོད་པར་གྱུར།

རིམས་ནད་ཀྱིས་ཤན་ཤུགས་ཐེབས་ཀྱང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་བསྟུད་མར་འཕར་བར་ཁག་ཐེག་བྱེད་ཆེད། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་བཀོད་པ་འཐེན་པ་དང་། ལམ་བུ་བཙལ་བ། བྱེད་ཐབས་བཙལ་བ་སོགས་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་སྤོ་བསྒྱུར་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་འཕེལ་རྒྱས་ཐད་ལ་དོན་ངོ་མའི་བྱ་བ་མང་པོ་སྒྲུབས།

                                                                                                         ལོ་ཙཱ། ཚེ་རིང་སྒྲོལ་མ།