རི་མགོའི་དཀའ་ཁག་རི་འདབས་ནས་སེལ་བ།
2020.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཞང་དུ། གསལ་ཡངས་ཆེ་བའི་དེང་རབས་ཅན་གྱི་སྡོད་ཁང་རེ་རེའི་སྟེང་དུ་ཉི་རྩེ་བརྒྱབ་པ་དང་། གཙང་ཞིང་གྲ་འགྲིག་པའི་ཞིང་སྡེའི་སྲང་ལམ་གྱི་གྲུ་ཟུར་རེ་རེར་ཉི་འོད་སེར་ལམ་མེར་འཕྲོས་པ་ན། འཆམ་ཞིང་མཐུན་པའི་མཛེས་པའི་སྡེ་བ་དེར་དྲོད་ཁོལ་གྱིས་བརྟས་འདུག

རྨ་ཆེན་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་སུམ་ཅུ་སོང་ཚེ། སྡོམ་ཁོག་ཞང་གི་གནས་སྤར་གཅིག་བསྡུས་གཞིས་ཁུལ་ཏེ་རྩིག་ལྡེབས་སེར་པོ་དང་རྫ་གཡམ་དམར་པོ་ཡིན་པའི་སྡོད་ཁང་གསར་པ་རྣམས་ཕྲེང་བསྟར་བསྒྲིགས་ཏེ་མིག་ལམ་ལ་འཚེར་འོངས།

གནས་སྤར་ཁྱིམ་ཚང་ཚེ་རིང་ནོར་བུ་ཚང་ལ་སོང་བ་ན། སྨི་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་ཁང་གསར་ནི་གཙང་ཞིང་གྲ་འགྲིག་ལ། འགྲུལ་ཁང་གི་མདུན་ཅོག་སྟེང་དུ་སིལ་ཏོག་དང་སིལ་སྐམ་བཅས་བཤམས་ཡོད་པ་དང་། ཉོས་མ་ཐག་པའི་འབོལ་ཁྲི་དང་གློག་ཆས་བཅས་གོ་རིམ་ལྡན་པའི་ངང་བསྒྲིགས་འདུག་པར་བལྟས་ན། ཁྱིམ་མི་གང་པོས་གྲོང་ཁྱེར་གྱི་མི་ཡི་འཚོ་བ་རོལ་བ་དང་ཀུན་ནས་འདྲ།

ཚེ་རིང་ནོར་བུས་བཤད་རྒྱུར། “2018ལོའི་ཟླ་བཅུ་པའི་ནང་ང་ཚོ་འདིར་གནས་སྤར་བ་ཡིན། དེ་དུས་ཡིད་ཧ་ཅང་དགའ་བྱུང་། ད་ལྟ་ཆུ་དང་གློག སོལ་རླངས་དང་དྲ་བ་བཅས་སྤྱོད་པར་སྟབས་ཧ་ཅང་བདེ”ཟེར།

ཚེ་རིང་ནོར་བུས་ནམ་ཡང་སྔོན་ཆད་ཀྱི་དཀའ་སྡུག་གི་འཚོ་བ་དེ་བརྗེད་ཐབས་མེད།“སྔོན་ཆད་རི་མགོ་ནས་འཚོ་བ་རོལ་ཏེ། ཁྱིམ་མི་གང་པོ་ཆེ་རྒྱུ་མེད་པའི་སྦྲ་གུར་ནང་འཚང་ཁ་རྒྱག་དགོས། གློག་འཐེན་མེད་པ་དང་། འཐུང་ཆུ་ནི་ཆུ་འགྲམ་དུ་ལེན་དུ་འགྲོ་དགོས། དགུན་དུས་ཀྱི་འཚོ་བ་ནི་ཆེས་སྐྱེལ་དཀའ་བ་ཞིག་ཡིན། ཉིན་རེའི་ཞོགས་པར་མལ་ལས་ལངས་དུས་སྦྲ་གུར་གྱི་ནང་དུ་ཆབ་རོམ་སྲབ་མོ་ཞིག་ཆགས་འདུག”

ད་ལྟ། ཚེ་རིང་ནོར་བུའི་བྱིས་པ་བཞི་བོ་སློབ་གྲྭར་འགྲོ་བཞིན་ཡོད་དེ། “བྱིས་པ་གཅིག་སློབ་ཆུང་འགྲིམ་བཞིན་ཡོད་པ་དང་། གཞན་གསུམ་པོ་བུ་བཅོལ་ཁང་འགྲིམ་བཞིན་ཡོད་ལ། ཚང་མར་སློབ་ཡོན་སྤྲོད་མི་དགོས”ཁོས་གསར་འགོད་པར་རྩིས་ཤིག་བརྒྱབ་བྱུང་སྟེ། ད་ལྟ་རྩྭ་ཐང་གི་དོ་དམ་དང་སྲུང་སྐྱོང་བ་བྱས་ན་ལོ་རེར་གླ་ཕོགས་སྒོར་ཁྲི་གཉིས་སྟོང་གཅིག་དང་དྲུག་བརྒྱ་ཡོད་པ་དང་། རྩྭ་སའི་ཁ་གསབ་མ་དངུལ་རེབ་ཐེངས་གཅིག་ལ་མི་རེར་སྒོར་སྟོང་གཉིས་དང་སུམ་བརྒྱ་སོ་བདུན་ཡོད་ལ། ཁོམ་གསེང་དུ་ལས་ཡུལ་ནས་གླ་བྱས་ན་ཉིན་རེར་སྒོར་ཉིས་བརྒྱ་ཡོད་ཅིང་། ད་དུང་དབྱར་རྩྭ་བརྐོས་ན་ལོ་གཅིག་ལ་ཉུང་མཐའ་ཡང་ཡོང་འབབ་སྒོར་ཁྲི་གཅིག་ཡོད་པ་དང་། ཆུང་མར་ད་དུང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཡང་ཡོད་སྟབས། ཚེ་རིང་ནོར་བུ་ཚང་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་ལྔ་ཙམ་ཡོད།

ལོ་འདི་འགའི་རིང་ལ། རྨ་ཆེན་རྫོང་གིས་རྨོ་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་ཁུལ་དང་། ཕྱུགས་བསྐྱུར་ཕྱུགས་འགོག་ཁུལ། རང་བྱུང་ནགས་ཚལ་སྲུང་སྐྱོང་ཁུལ་སོགས་ཀྱི་རྐྱེན་གྱིས་གནས་སྤོར་དགོས་པ་རྣམས་གཞན་སར་གནས་སྤར་བར་མ་ཟད་སྐུལ་ཁྲིད་བྱས་ནས་ལས་ཀར་ཞུགས་ཡོད་ཅིང་། གནས་སྤོར་བཀོད་སྒྲིག་བྱ་བ་དང་སྐྱེ་ཁམས་འཛུགས་སྐྲུན་བཟོ་འགོད་གཉིས་ཟུང་འབྲེལ་དམ་ཚགས་བྱས་པས། མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་སེལ་བར་མ་ཟད། རྩྭ་ཐང་ལ་ཡང་སོར་ཆུད་སྐྱེ་འཕེལ་བྱེད་དུ་བཅུག་ཡོད།

ཁོ་དང་འདྲ་བར་གཞན་སར་གནས་སྤར་བའི་རྒན་པོ་བཀྲ་བྷ་ཚང་ལ་ཁྱིམ་མི་ལྔ་ཡོད་པ་རེད། “གནས་མ་སྤར་བའི་སྔོན་ལ་ང་ཚོ་སྡོད་ས་ནི་སྦྲ་དང་ཡོང་འབབ་ནི་དབྱར་རྩྭ་བརྐོས་ནས་ལོན་པའི་སྒོར་མོ་ལས་མེད་ལ། ཁྱིམ་ལ་སྒོ་ཟོག་ཀྱང་མང་པོ་མེད།” ལས་ལམ་ཡག་པ་ཞིག་ལ། ཁོ་ཚོས་གཞན་སར་གནས་སྤོར་བའི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱད་དེ་རེ་སྨོན་ཁྲོད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་ཡོད། ད་ལྟ་བཀྲ་བྷའི་བུ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ནང་ཟབ་ཞུགས་བྱས་ཏེ། བལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པའི་ཡོང་འབབ་རག་གིན་ཡོད།

སྡོམ་ཁོག་ཞང་གི་ཞང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཞང་ཡོངས་ཀྱི་ཁྱིམ་ཚང་ང་གཅིག་དང་མི་བརྒྱ་དང་སུམ་ཅུ་ནི་རང་བྱུང་ཁོར་ཡུག་བལྟོས་བཅས་ཀྱིས་བཟང་ལ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སྟབས་བདེ་བའི་བཀོད་སྒྲིག་ས་ཁུལ་དུ་གཞིས་ཆགས་སུ་བཅུག་ཡོད། ན་ནིང་ནས་བཟུང་། རྨ་ཆེན་རྫོང་གིས་ཀྲུང་གོའི་མི་དམངས་རྒྱུ་ནོར་ཉེན་སེལ་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་དང་ཉེན་སེལ་དབུལ་སྐྱོར་མཉམ་ལས་ཀྱི་གྲོས་ཆིངས་གན་རྒྱ་བཞག་སྟེ། སྡོམ་ཁོག་ཞང་གི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཁྱིམ་ཉིས་བརྒྱ་གོ་བཞི་ལ་དམངས་འཚོའི་ཉེན་སེལ་ཉོས་པ་རེད།

གནས་སྤོར་ནི་བྱེད་ཐབས་དང་དབུལ་ཐར་ནི་དམིགས་ཡུལ་ཡིན། དབུལ་ཕོངས་མང་ཚོགས“གནས་སྤོར་ཐུབ་པ། བརྟན་འཇགས་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། རྨ་ཆེན་རྫོང་རོང་འབྲོག་ཆུ་བེད་ཅུའུ་ཡིས་ལས་གཞི་ནང་འདྲེན་བྱས་པ་དང་། སྡོམ་ཁོག་ཞང་སྲིད་གཞུང་གིས་གསོག་འཇོག་བྱས་པའི་ས་སྤྱི་ཆིངས་ང་གསུམ་ཕྱིར་བཏོན་ནས་སྡོམ་ཁོག་ཞང་གི་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས་ལ། དེ་དང་ཆབས་ཅིག ཐོན་ལས་ཀྱིས་ཁྱིམ་ཚང་ལ་བཏང་བའི་མ་དངུལ་སྒོར་འབུམ་ལྔ་དང་ཁྲི་གསུམ་སྟོང་བདུན་དྲུག་བརྒྱ་མགོ་ལོག་གསེར་གྱི་རྩྭ་ཐང་སྐྱེ་ལྡན་སྐམས་ཤ་ལས་སྣོན་ཚད་ཡོད་ཀུང་སི་རུ་མ་རྐང་དུ་བཞག་པ་དང་། 2019ལོར་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་བརྒྱ་ཆའི་བཅུ་མངོན་འགྱུར་བྱས་ཏེ། འབྲོག་པ་མང་ཚོགས་ལ་ཁེ་སྤོགས་བགོ་རྒྱུ་བྱུང་།

སྡོམ་ཁོག་ཞང་གིས་ཁྱིམ་ཚང་གཅིག་གནས་སྤོར་བྱས་ན། ཐོན་ལས་ཀྱིས་ཁྱིམ་ཚང་དེ་གསོ་སྐྱོང་བྱེད་པ་དང་། བརྟན་འཇགས་ངང་ཁྱིམ་ཚང་དེ་དབུལ་ཐར་བྱེད་པའི་རིགས་ལམ་རྒྱུན་འཁྱོངས་བྱས་ཏེ། རྩོལ་ནུས་ཀྱི་གནས་ཚུལ་གཞིར་བཟུང་ནས་རིགས་བཀར་བ་དང་། ངལ་ལས་ཡིག་ཚགས་བཟོས་པ་དང་། “སྐོར་གཅིག་ཅན་བརྒྱད”ཀྱི་རོགས་སྐྱོར་བྱེད་ཐབས་བརྒྱུད་དེ། གནས་སྤོར་ཁྱིམ་ཚང་རེ་ལ་ཡོང་སྒོ་འཕར་བྱེད་ཀྱི་ཐོན་ལས་ཤིག་ཡོད་པ་དང་། དབུལ་ཁྱིམ་རེ་ལ་ལས་ཞུགས་དང་བཟོ་ལས་བྱེད་བཞིན་པའི་མི་གཅིག་ཡོད་པར་འབད་འབུངས་བྱས།

“ད་ལྟ། འབྲོག་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཇེ་ལེགས་སུ་སོང་ཞིང་། སྔོན་ཆད་འཐུང་ཆུ་ལས་བསླངས་པའི་ནད་རིགས་ཀྱང་གཞི་རྩའི་སྟེང་མེད་པར་བཟོས་ཡོད། དེ་དང་ཆབས་ཅིག འབྲོག་དམངས་ཀྱི་བསམ་བློའི་འཁོར་ཕྱོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་ཚོས་སྲོལ་རྒྱུན་གྱི་ཕྱུགས་ལས་ཁོ་ན་ཙམ་ལ་བརྟེན་ནས་འཚོ་བ་མི་སྐྱེལ་བར། སྣ་མང་ཅན་གྱི་འཚོ་བ་དང་བྱ་བ་བྱེད་སྟངས་ཡོད་པ་དང་། རིག་གནས་ཀྱི་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད”ཅེས་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།