ནགས་ཚལ་སྲུང་སྐྱོབ་བྱེད་མཁན།
2020.07.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

དཔྱིད་དབྱར་སྟོན་གསུམ་གྱི་དུས་ཚིགས་གང་ཡིན་ཡང་། ནགས་ཚལ་ལ་གནོད་འབུས་གནོད་འཚེ་ཐེབས་སླ་བ་དང་། དུས་ཚིགས་དེ་དག་ནི་ནགས་ཚལ་སྲུང་སྐྱོབ་བྱེད་མཁན་ཚོར་མཚོན་ན་ཆེས་བྲེལ་འཚུབ་ཆེ་བའི་སྐབས་ཤིག་ཡིན་པ་དང་། མཚམས་ལན་རེར་ཁོ་ཚོས་ཉིན་གཅིག་ལ་སྡོང་རྐང་སྟོང་ལྷག་ལ་རྟག་དཔྱད་བྱེད་དགོས།

དབྱར་མགོ་མའི་དུས་སུ། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཡིག་རིག་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་སླེབས་སྐབས། བསྐོར་བསྐྱོད་ནགས་སྲུང་བ་ཚོས་ཉིན་རྒྱུན་གྱི་བྱ་བར་སྐོར་ཞིབ་བྱེད་བཞིན་འདུག ཡིག་རིག་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས་གཉིས་དང་གྲངས་ཆུང་བརྒྱད་ཡོད། དོ་དམ་སྲུང་སྐྱོབ་ས་ཚིགས་སུ་དོ་དམ་ནགས་སྲུང་བ་ཉི་ཤུ་ཙམ་ཡོད་པ་དང་། ལས་བྱེད་པ་དངོས་མ་གསུམ་པོ་ཕུད་པའི་གཞན་པའི་ནགས་སྲུང་བ་ཚང་མ་ནི་ས་དེའི་འབྲོག་པ་མང་ཚོགས་ཡིན་པ་དང་། བྱ་བ་ཅུང་དཀའ་ཚེགས་ཆེ་ཡང་། མི་རེ་རེ་ལ་འཁེང་ར་དང་འགྱོད་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་གནས་འདིའི་རི་ཆུ་ལ་སྲུང་སྐྱོབ་བྱེད་བཞིན་གདའ།

ཡིག་རིག་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་བུད་མེད་ལས་བྱེད་པ་གཅིག་པུ་ཡིན་པའི་ཆ་ནས་ཀྲང་ཡུས་དབྱིན་གྱི་བྱ་བའི་ཚད་དེ་ལས་གྲོགས་སྐྱེས་པ་རྣམས་དང་ཁྱད་པར་ཅི་ཡང་མེད། བསྐོར་བསྐྱོད་ནགས་སྲུང་ནི་མོའི་ཉིན་རྒྱུན་གྱི་བྱ་བ་ཞིག་རེད། མོས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་གཉིས་ཙམ་གྱི་རིང་ལ་དོ་དམ་སྲུང་སྐྱོབ་བྱས་པ་བརྒྱུད། ནགས་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱས་པ་ཅུང་བཟང་ལ། ལྷག་པར་དུ་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱང་ད་ལྟ་གང་སར་མཐོང་རྒྱུ་ཡོད་ཅིང་། སྐབས་འགར་བསྐོར་བསྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་རི་དྭགས་གསའ་དང་དྲེད་མོང་སོགས་ཀྱང་མཐོང་ཐུབ་ཟེར།

བསྐོར་བསྐྱོད་པ་ལི་ཡུས་ཧྲི་ནི་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ཡིག་རིག་ལུང་བ་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འབྲོག་པ་བསྐོར་བསྐྱོད་པ་ཞིག་ཡིན་པ་དང་། ཁོས་ཡིག་རིག་ལུང་བ་ནས་ལོ་ལྔའི་རིང་ལ་བྱ་བ་སྒྲུབ་མྱོང་། ཁོས་བཤད་རྒྱུར། དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱིས་ཉིན་རེར་ཆེས་ཉུང་ནའང་འཕྲུལ་རྟ་གཉིས་ནས་གསུམ་མངགས་ནས་ཐེངས་རེར་མི་བཞི་ནས་དྲུག་བསྐོར་བསྐྱོད་བྱེད་དུ་འགྲོ་བཞིན་ཡོད་པ་དང་། ཉིན་རེར་དུས་ཚོད་བརྒྱད་ནས་དགུ་ལ་བསྐོར་བསྐྱོད་བྱེད་བཞིན་ཡོད་ཅིང་། མི་རེའི་བསྐོར་བསྐྱོད་ཀྱི་རྒྱ་ཁྱོན་དེ་སྤྱི་ཆིངས་སྟོང་ལྷག་ལ་སླེབས་ཡོད། ལི་ཡུས་ཧྲི་ཡིས་བཤད་རྒྱུར། ཁོ་ཚོ་ཉིན་རེའི་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་ནས་མགོ་བརྩམས་ཏེ་རི་མགོར་སོང་ནས་བསྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་། འབྲོག་ཁྱིམ་དུ་སོང་ནས་ནགས་ཚལ་མེ་འགོག་ཤེས་བྱ་ཡང་དྲིལ་སྒྲོག་བྱེད་བཞིན་ཡོད་ལ། རི་མགོ་རུ་རི་སྐྱེས་སྲོག་ཆགས་ལ་རྨས་ཕོག་ཡོད་མེད་དང་། མྱུར་སྐྱོབ་བྱེད་དགོས་མིན། རི་སྐྱེས་སྐྱེ་དངོས་ལ་གནོད་འབུའི་གནོད་འཚེ་ཐེབས་ཀྱིན་ཡོད་མེད་སོགས་ལ་ལྟ་རྟོག་བྱེད་ཀྱིན་ཡོད་ཟེར།

ཡིག་རིག་ལུང་བའི་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་བདེ་ཁང་གི་མཚམས་སྦྱོར་བྱེད་རྒྱུར། རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་བཟུང་། དོ་དམ་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་དེ་སྔར་ལས་རྒྱ་ཆེ། དོ་དམ་སྲུང་སྐྱོབ་བརྒྱུད་དེ་གནས་འདིའི་རི་ཆུ་སྲུང་སྐྱོབ་བཟང་པོ་བྱས་ནས་བུ་རབས་ཚ་རྒྱུད་རྣམས་ལ་སྔར་ལས་བཟང་པོའི་གནས་མཆོག་ཅིག་བསྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད། བདེ་ཁང་གིས་གསར་འགོད་པར་བཤད་རྒྱུར། མདོ་ལ་རི་བོ་རང་བྱུང་སྲུང་སྐྱོབ་ས་ཚིགས་དོ་དམ་སྲུང་སྐྱོབ་ས་ཁོངས་ཀྱི་ནང་དུ་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན། ཉེ་བའི་ལོ་གཉིས་ཙམ་གྱི་རིང་ལ། སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་ལག་རྩལ་མི་སྣ་དང་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ། སོ་སོར་ན་ནིང་དང་ད་ལོར་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་འགུལ་སྤེལ། འདིས་ཟས་རིགས་སྦྲེལ་ཐག་ཆ་ཚང་ཞིག་གྲུབ་ཡོད་པ་གསལ་བཤད་བྱས་ཡོད་པ་དང་། འདི་ནི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་བཟང་ལ་འགྲོ་བའི་ཤུགས་ལྡན་གྱི་ར་སྤྲོད་ཅིག་རེད།

མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ཆུ་ནག་བརླན་ས་རུ་རྒྱང་རིང་ནས་ལྟོས་ན་ཁྲུང་ཁྲུང་སྐེ་ནག་གཉིས་ཆར་ནང་དུ་ཀྲོང་ངེར་འགྲེང་འདུག་པ་མཐོང་ཐུབ། མདོ་ལ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་བྱ་བའི་མི་སྣས་གསར་འགོད་པར་བཤད་རྒྱུར། དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་ཤུགས་ཚད་བསྟུད་མར་ཇེ་ཆེར་བཏང་བ་དང་བསྟུན་ནས། མིག་སྔར། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་ཐོབ་པ་དང་སྤང་ཤུན་མཐུག་པོར་སྐྱེས་ལ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མུ་མཐུད་དུ་འཕར་སྣོན་བྱུང་ཡོད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆཱང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རྗེས་ཕྱོགས། མུ་མཐུད་དུ“སྲུང་སྐྱོབ་ཨང་དང་པོ་དང་། མང་ཚོགས་ཟབ་ཞུགས་བྱེད་པ། དམངས་ཡོངས་ཀྱིས་མཉམ་སྤྱོད”བྱེད་པའི་བྱ་བའི་འདུ་ཤེས་བརྩི་སྲུང་བྱས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ཇེ་ཆེར་གཏོང་རྒྱུ་མ་ཟད། དྲིལ་སྒྲོག་སློབ་གསོའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཐོན་ཁུངས་རྟོག་དཔྱོད་སོགས་བྱ་བར་དགོས་ངེས་ཀྱི་ལག་རྩལ་མཛུབ་སྟོན་དང་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ད་དུང་“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་མཉམ་སྤྱོད་རྣམ་པ་འཛུགས་པ་དང་འཚོལ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། གོ་རིམ་ཡོད་པ་དང་། ཁག་དགར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།