རྐང་ཚའི་དཀོན་ལོ་གོང་མ་སྡེ་བའི་དབུལ་ཐར་གཏམ་རྒྱུད།
2020.07.14 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 55

 ཨར་འདམ་གྱི་ལམ་བུ་དེད་ན་སྒོ་འགྲམ་དུ་ཐོན་ཐུབ་པ་དང་ཞིང་ཁྱིམ་གྱི་ར་སྐོར་ཆུང་ཆུང་དེ་ལ་བབས་ཆགས་ཤིང་དྲོད་ཁོལ་ལྡན། ཉི་འོད་ནུས་པའི་ལམ་གྱི་གློག་སྒྲོན་ལས་འོད་ཀྱིས་རང་མདངས་འཚེར་ཞིང་རིག་གནས་བྱེད་སྒོའི་ལྟེ་གནས་དང་ངལ་གསོའི་ཐང་ཆེན་གཙང་ལ་ཁོད་ཡངས་པའི་ས་ཆ་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་དབུལ་བོར་གཏན་འཁེལ་བྱས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུང་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་དབུལ་ཐར་བྱུང་རྗེས་ཀྱི་རྣམ་པ་རེད། གལ་ཏེ་དུས་ཚོད་ཀྱི་མདའ་ཁབ་སྔོན་ལ་བསྣུར་ནས་བལྟས་ན། ཁྱོད་ཀྱིས་དཀོན་ལོ་གོང་མ་སྡེ་བའི་རྣམ་པ་གཞན་ཞིག་མཐོང་ཐུབ་སྟེ། འདམ་རྫབ་ཀྱི་ས་ལམ་དང་། རྙིང་ཧྲུལ་དུ་གྱུར་བའི་ས་ཁང་། སྦག་བཙོག་གིས་བཀང་བའི་སྡེ་བ་སོགས་ཀྱི་རྣམ་པ་ཡིན།

དཀོན་ལོ་གོང་མ་སྡེ་བ་ནི་རྐང་ཚ་རྫོང་མཁར་གྱི་བྱང་ཕྱོགས་སུ་སྤྱི་ལེ10ཡི་མཚམས་སུ་གནས་ཡོད་ལ། ཤར་ཕྱོགས་རྫོང་མཁར་དང་ས་མཚམས་འབྲེལ་ཡོད། ལྷོ་ཕྱོགས་གཡུ་དཀར་འོམ་ལུང་ཡུལ་ཚོའི་དགུན་སར་སྦྲེལ་ཞིང་བྱང་ཕྱོགས་ནི་མུ་རི་གཙང་བོ་དང་འབྲེལ་ཡོད། སྡེ་བ་ཡོངས་སུ་ཕྱུགས་ལས་ཐོན་སྐྱེད་མཉམ་ལས་ཁང6དང་ཞིང་ལས་ས་ཚིགས་གཅིག ཁྱིམ་ཚང614ལ་མི་གྲངས2341ཡོད་པ་དང་སྡེ་བ་ཡོངས་སུ་ཡིག་ཚགས་དང་བྱང་བུ་ལས་པའི་ཁྱིམ་ཚང139དང་མི445ཡོད། དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་བ་ནས་བཟུང་། སྡེ་བ་དེའི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཤིང་། རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད་ཁྱིམ་ཚང་དབུལ་བོའི་གནས་ཚུལ་ལ་རྫོགས་ཚིག་བཀོད་པར་མ་ཟད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་ལ་སྨན་ཐོ་གཉེར་བ་དང་མང་ཚོགས་དབུལ་བོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། སྡེ་སྡོད་ཧྲུའུ་ཅི་དང་བོས་ཁྲིད་སྟོན་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་ལ་བརྟེན་ནས་རིམ་བཞིན་མང་ཚོགས་དབུལ་བོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་མེད་ན་ང་རང་ཚེ་གང་བོར་དབུལ་ཐར་བྱུང་མེད། དབུལ་ཕོངས་ཁྱིམ་ཚང་ཡིན་པའི་ཟླ་བ་དར་རྒྱས་ཀྱིས་དཀོན་ལོ་གོང་མ་སྡེ་བའི་གཅིག་སྡུད་ས་ཚིགས་ཀྱི་དབུལ་སྐྱོར་གནས་སྤོས་ཁྱིམ་ཚང་དབུལ་བོ16གི་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ངོ་གདོང་ནས་བདེ་སྐྱིད་དང་ཡིད་ཚིམ་པའི་ཉམས་ཤིག་རང་བཞིན་གྱིས་མངོན་ཡོང་། ཁོས་བཤད་རྒྱུར། སྔོན་ཆད་ངེད་ཚང་གི་བཟའ་མི་ལྔ་བོ་ས་ཕག་གི་ཁང་བ་གྱན་གསུམ་གྱི་ནང་དུ་བསྡད་ཡོད། ཆར་བབས་མ་ཐག་ཏུ། ག་ས་གང་དུ་ཐིགས་ཆུ་ཡོང་བས་ཁང་བ་རྡིབ་པར་སེམས་ཁྲལ་ཆེན་པོ་བྱས་པ་ཡིན། ས་མཐོའི་ལུང་ཀྱོག་ཏུ་གནས་པས། འགྲུལ་བཞུད་སྟབས་བདེ་མིན་ལ། སྨན་པ་བསྟེན་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ་བཅས་ཀྱི་དཀལ་ངལ་གྱི་ཁུར་བོ་ཧ་ཅང་ལྕི། ད་ལྟ་དབུལ་ཕོངས་ཀྱི་འཚོ་བ་མཇུག་སྒྲིལ་ཟིན་པ་ནི་གནས་སྤོར་གྱི་སྲིད་ཇུས་བཟང་བོ་འདིའི་བཀའ་དྲིན་ཡིན། ཟླ་བ་དར་རྒྱས་ཀྱི་ངོས་ནས་བརྗོད་ན་རི་ཁུག་ལུང་ཀྱོག་ནས་གནས་སྤར་དེ་བདེ་སྐྱིད་ཀྱི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་ནི་ཁོའི་མི་ཚེའི་ནང་རེ་སྒུག་ཆེན་པོ་བྱས་པའི་བྱ་བ་ཞིག་རེད།

སྔོན་ཆད་ཟླ་བ་དར་རྒྱས་ཚང་གི་རྩྭ་ར་ཆུང་ཞིང་ཕྱུགས་ཟོག་ཉུང་བའི་ཁར་ད་དུང་བྱིས་པ3སློབ་གྲྭར་སྐྱེལ་དགོས་པས་འཚོ་བ་ཐབས་ཟད་འུ་ཐུག་ངང་སྐྱེལ་དགོས་ཀྱི་ཡོད། ད་ལྟ་ཕྱོགས་སོ་སོའི་རོགས་རམ་དང་སྐུལ་ལྕག་འོག་ཟླ་བ་དར་རྒྱས་ཀྱིས་གྲོང་རྡལ་སྲིད་གཞུང་དུ་ཡོང་འབབ་ལེགས་པའི་ལས་ཀ་ཞིག་རེག་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་ལྔ་ཉིས་བརྒྱ་ཡོད་པར་མ་ཟད། ད་དུང་རྩྭ་ར་བོགས་མར་གཏོང་བ་དང་། རྩྭ་སའི་ཁ་གསབ་མ་དངུལ། ལུ་གུ་འཚོང་བ། སྡེ་བའི་མཉམ་སྡེབ་ཁེ་སྤོགས་བགོ་བཤའ་རྒྱག་པ་སོགས་ཀྱི་ཡོང་འབབ་ལོ་རེར་སྒོར་ཁྲི2ལྷག་ཙམ་ཡོད་པས2017ལོར་ཁོ་ཚང་དབུལ་ཕོངས་ལས་ཐར། ད་ལྟ་ཁྱིམ་ཚང་གང་བོ་གསར་དུ་བསྐྲུན་པའི་ཁང་བ་ཞིག་ཏུ་བསྡད་ཡོད་ཅིང་། ཁང་བའི་ནང་དུ་བརྙན་འཕྲིན་འཕྲུལ་ཆས་དང་གོས་འཁྲུད་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་བཞག་ནས་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན།

རི་ཁུག་ལུང་ཀྱོག་ནས་ཡོང་ཐུབ་པ་དེས་སྡོད་ཁང་གི་ཁོར་ཡུག་དང་འཚོ་བར་འགྱུར་ལྡོག་ཕྱིན་པར་མ་ཟད། ལས་ཞུགས་ཡོང་འཕར་གྱི་གོ་སྐབས་ཀྱང་ཇེ་མང་དུ་ཕྱིན་ཡོད།

བསོད་ནམས་ཚེ་རིང་ནི་སྡེ་བ་དེའི་ཡིག་ཚགས་དང་བྱང་བུ་ལས་པའི་ཁྱིམ་ཚང་དབུལ་བོ་ཞིག་རེད། སྔོན་ཆད་རྫོང་མཁར་དང་བར་ཐག་སྤྱི་ལེ20ཙམ་ཡོད་པའི་རི་ཁུག་ཏུ་འཚོ་བ་སྐྱེལ་གྱིན་ཡོད་ལ་མི་བཞི་ལྷག་གི་འཚོ་བ་ནོར་ལུག་འགའ་ལ་བརྟེན་དགོས་པས། འཚོ་བ་ཧ་ཅང་དཀའ་ཁག་ཆེ། མ་གཞིར་ནོར་ལུག་མང་བོ་གསོས་ནས་འཚོ་བའི་གནས་ཚུལ་བསྒྱུར་རྩིས་ཡོད་ཀྱང་། ཁྱིམ་གྱི་རྩྭ་ས་ཆུང་བ་དང་ཕྱུགས་ཟོག་ཉུང་བའི་ཁར་ངལ་རྩོལ་ནུས་ཤུགས་མེད་པ་སོགས་ཀྱི་རྐྱེན་གྱིས། བསམ་ཚུལ་འདི་མངོན་འགྱུར་བྱེད་པར་དཀའ་ཁག་ཆེན་པོར་འཕྲད་ཡོད།

བསོད་ནམས་ཚེ་རིང་གི་ཁྱིམ་མི་ཚང་མ་དོན་དངོས་ཀྱིས་དབུལ་ཐར་བྱུང་དགོས་ན། རི་ཁུག་ལུང་ཀྱོག་འདི་ནས་ཕྱིར་བུད་དེ་ལས་ཞུགས་ཀྱི་གོ་སྐབས་གཞན་དག་འཚོལ་རྒྱུ་ནི་འཚོ་བའི་ཁ་ཕྱོགས་བསྒྱུར་བའི་འགྲོ་ལམ་ཉག་གཅིག་རེད། རྗེས་སུ་གྲོང་རྡལ་གྱི་ལས་བྱེད་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གིས་བསོད་ནམས་ཚེ་རིང་དང་གྲོས་བསྡུར་ཐེངས་མང་བྱས་རྗེས། རི་ཁུག་ནས་གནས་སྤར་ཏེ་འཚོ་བའི་འགྲོ་ལམ་གསར་བ་འཚོལ་རྒྱུའི་ཐག་བཅད།

ལས་དོན་རུ་མིས་སྐུལ་ལྕག་དང་རོགས་རམ་བྱས་མེད་པ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་མེད་ཚེ་ངའི་ད་ལྟའི་འཚོ་བ་ཡག་པོ་འདི་རྩ་བ་ནས་ཡོད་མི་སྲིད། བསོད་ནམས་ཚེ་རིང་རི་ཁུག་ལུང་ཀྱོག་ནས་གནས་སྤར་ཐུབ་པ་འདིའང2014ལོའི་ཁང་རྙིང་སྒྱུར་བཀོད་རྣམ་གྲངས་ཀྱི་བཀའ་དྲིན་ག་ལ་མིན། ད་སྐབས་ཁྱིམ་མི་ཚང་མའི་འཚོ་བར་སེམས་ཁྲལ་མེད་པ་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད། ད་ལྟ་ཁང་བ་གསར་བའི་ནང་འདུག་ཐུབ་ཡོད་པས་ཧ་ཅང་སྐྱིད་པོ་རེད། བུ་མོ་ཡེ་ཤེས་ལྷ་མོ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་བཀོད་སྒྲིག་བྱས་པ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ཡོད། ང་ཡང་རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་ཡོད། ད་ལྟ་མཛེས་སྡུག་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་བསོད་ནམས་ཚེ་རིང་གི་གདོང་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་རྣམ་པ་མངོན་ཡོད།

ངས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་རྩྭ་ཐང་དོ་དམ་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་ང་ཚོ་འབྲོག་པས་འཚོ་གནས་ལ་བརྟེན་པའི་རྩྭ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན། བསོད་ནམས་ཚེ་རིང་གིས་མིག་མདུན་གྱི་འཚོ་བའི་སྐོར་གླེང་སྐབས་ཐུགས་རྗེ་ཆེ་ཞུས་བ་མ་ཟད་དེ་བས་ཀྱང་ལས་གནས་འདི་ལ་འགན་འཁྲི་ཆེན་པོ་འཁུར་གྱི་ཡོད་པ་རེད།

སྔོན་ཆད་སྡེ་བའི་ནང་ཐོན་ལས་མེད་ལ་མ་དངུལ་ཡང་མེད། བྱེད་སྒོ་གང་ཡང་སྤེལ་མི་ཐུབ་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་ལ་སྐུལ་འདེད་ཀྱི་ནུས་པ་མེད་ལ། གྲོང་ཚོའི་ལས་བྱེད་པས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཐབས་བྲལ་བ་རེད་ཅེས་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཟླ་བས་དེ་ལྟར་བཤད་བྱུང་། མང་ཚོགས་ཚོས་རྟག་ཏུ་རང་གི་སྡེ་བ་དང་སྡེ་བ་གཞན་པ་བསྡུར་ནས་སྡེ་བ་གཞན་གྱིས་མི་སྒེར་གྱི་སྨན་བཅོས་འགན་བཅོལ་དང་ཆུ་རིན་ཚང་མ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལ་བརྟེན་ནས་སྤྲོད་ཀྱི་ཡོད། ང་ཚོའི་སྡེ་བར་གང་ཡང་མེད་ཟེར་བའི་སྐད་ཆ་མང་བོ་བཤད་པ་ཐེངས་གཅིག་ག་ལ་ཡིན།

2016ལོར་སྐལ་བཟང་ཟླ་བས་སྡེ་བའི་ནང་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་འབུམ་གཉིས་ཁྲི་གསུམ་ཐོན་པ་ཤེས་རྗེས། འཕྲལ་མར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་ཚོགས་འདུ་འཚོགས་ཤིང་། དབུལ་སྐྱོར་མ་དངུལ་དེ་གང་དུ་སྤྱད་ན་ཕན་འབྲས་ཆེ་བའི་སྐོར་ནས་གྲོས་བསྡུར་བྱས་རྗེས། ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ཆེས་བཟང་བའི་ཐབས་ལམ་ཡིན་པས། མཉམ་ལས་ཁང་གཞན་ལ་མ་རྐང་འཇོག་པ་དང་དེའི་རྗེས་ཚང་མར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུའི་སྐོར་ལ་ཚང་མའི་བསམ་ཚུལ་གཅིག་མཐུན་བྱུང་ནས་ཐོན་ལས་འཕེལ་རྒྱས་བཏང་བས་སྡེ་བར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཡོད་པར་གྱུར།

ཐོན་ལས་དབུལ་སྐྱོར་ནི་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་མགྱོགས་མྱུར་ངང་འཕར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། ཡུན་རིང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྩ་བའི་བྱ་ཐབས་ཤིག་ཀྱང་ཡིན། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་བསམ་ཚུལ་ཡག་པོ་ཞིག་ཡིན་མོད། འོན་ཀྱང་སྡེ་མི་ཚོས་ལུག་འཚོ་ཤེས་པ་ལས། རྒྱལ་ཁབ་ཀྱི་དངུལ་འཁྱེར་ནས་ཁྱིམ་ཚང་དབུལ་བོའི་ཡོང་འབབ་འགན་ལེན་བྱེད་པའི་གཉེར་སྐྱོང་བྱེད་ཤེས་མཁན་མེད། ཐོན་ལས་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དང་ཐོན་ལས་གང་ཞིག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གླེང་སྐབས་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་རྣམས་ཀྱིས་བར་སྐབས་ཤིག་ལ་ཐབས་ལམ་བཟང་བོ་ཞིག་རྙེད་མ་བྱུང་།

ཐབས་ཤེས་མེད་པའི་སྐབས། སྐལ་བཟང་ཟླ་བ་གྲོང་རྡལ་དུ་རྒྱུག་ནས་གྲོང་རྡལ་གྱི་ལས་བྱེད་པ་ཚོར་ཐབས་འདོན་དུ་འཇུག་རྩིས་བྱས། རྫོང་མཁར་གྱི་ཁྲོམ་གཞུང་ལྷོ་མའི་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་རྙིང་པ་བཤིག་རྒྱུ་ཡིན་པས། འཛུགས་སྐྲུན་རྒྱུ་ཆའི་ཚོང་ར་གསར་བར་འཆར་འགོད་བྱེད་པར་ཁྱེད་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཆོག མཛུབ་ཁྲིད་འདི་ཡོད་པས་སྐལ་བཟང་ཟླ་བས་གཏམ་བཟང་དེ་སྡེ་མི་ཚོར་བཤད།

2016ལོའི་ཟླ10བར་དཀོན་ལོ་གོང་མ་སྡེ་བའི་སྨི་གྲུ་བཞི་མ་སྟོང་གཅིག་ཟིན་པའི་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། གཉེར་སྐྱོང་བྱེད་མི་ཤེས་ན། གཉེར་སྐྱོང་བྱེད་ཤེས་པའི་མི་ལ་བོགས་མར་གཏོང་ཆོག འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རའི་ཚོང་ཁང་བསྐྲུན་རྗེས་སྡེ་བའི་མཉམ་སྡེབ་ཐོན་ལས་སུ་བརྩིས་ཡོད། འཛུགས་སྐྲུན་རྒྱུ་ཆའི་ཚོང་ཁང10འཛུགས་སྐྲུན་སྦྱིན་བདག་ལ་བོགས་མར་བཏང་བས། ལོ་རེར་དཀོན་ལོ་གོང་མ་སྡེ་བར་བོགས་དངུལ་སྒོར་འབུམ་གཅིག་ཁྲི་གསུམ་ཡོད་པ་སྡེ་བའི་ཁྱིམ་ཚང་དབུལ་བོ་ཚོར་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད་ལ། ཁྱིམ་ཚང་དབུལ་བོ་མི་རེར་ཆ་སྙོམས་ཀྱི་སྒོར200བགོ་ཐུབ།

2016ལོར་རྒྱལ་ཁབ་ཀྱིས་ད་དུང་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་བཏང་བས། དཀོན་ལོ་གོང་མ་སྡེ་བར་ཐོན་ལས་འཕེལ་རྒྱས་གཏོང་བར། སྐལ་བཟང་ཟླ་བ་དང་སྡེ་མི་ཚོས་གྲོས་བསྡུར་ཡག་པོ་བྱས་ནས། སྨི་གྲུ་བཞི་བ800ཡོད་པའི་སྐྱེ་ཁམས་གླིང་ཞིག་བསྐྲུན་དགོས་ན། རང་སྡེ་བའི་ནང་གཉེར་སྐྱོང་ལ་ཉམས་མྱོང་མེད་པས། ཉེན་ཁ་ཅུང་ཆེ་བས་མུ་མཐུད་དུ་གཞན་ལ་བོགས་མར་གཏོང་དགོས། འབྲེལ་གཏུག་བྱས་རྗེས། སྐྱེ་ཁམས་གླིང་དེ་རྐང་ཚ་རྫོང་མཚོ་འགྲམ་ཚོ་བའི་སྐྱེ་ཁམས་རིག་གནས་གནས་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིར་ལོ10ཡི་གན་རྒྱ་བཞག་པ་དང་། མཚོ་འགྲམ་ཚོ་བས་ལོ་རེར་སྡེ་བར་སྒོར་འབུམ་གཅིག་ཁྲི་ལྔ་ཡི་བོགས་དངུལ་སྤྲོད་ཀྱི་ཡོད།

དབུལ་ཕོངས་ཁྱིམ་ཚང་ཡིན་པའི་བཙུན་སྐྱིད་སྒྲོལ་མས་སྐྱེ་ཁམས་གླིང་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ངོ་སྤྲོད་བརྒྱུད། སྐྱེ་ཁམས་གླིང་དུ་གཙང་སྦྲ་བྱེད་མཁན་གྱི་ལས་ཀ་བྱས། ཁོ་མོའི་གླ་ཕོགས་དེ་ཐོག་མའི་ཟླ་རེར་སྒོར1500ནས་ད་ལྟའི་སྒོར2600བར་འཕར་ཡོད་པས། ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ལེན་ཐུབ། སྐྱེ་ཁམས་གླིང་གི་གཙང་སྦྲའི་ལས་ཀ་དེ་འདྲའི་དཀའ་ཚེགས་ཆེ་རྒྱུ་མེད་པར་མ་ཟད། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པས།  འཚོ་བ་སྔར་ལས་ཇེ་སྐྱིད་ཡིན་པ་རེད།

ཐོན་ལས་དབུལ་སྐྱོར་ཐད་ཀྱི་ཁེ་སྤོགས་བགོ་བ་ལས་གཞན། ང་ཚོས་སྡེ་བར་ད་དུང་མོ་ཕྱུགས་ཀྱི་འཁོར་རྒྱུག་ལག་བསྟར་བྱས་ནས་ཐོན་ལས་ཁྱིམ་ཚང་གི་མ་དངུལ་སྤྱད་ཡོད། ཁྱིམ་ཚང་དབུལ་བོ70ལ་མ་མོ1250ཉོས་པ་དང་ད་ལྟ་འཕེལ་རྒྱས་ཀྱང་ཡག་པོ་བྱུང་ཡོད་ཅེས་སྐལ་བཟང་ཟླ་བས་དེ་ལྟར་བཤད་བྱུང་། ཁྱིམ་ཚང་དབུལ་བོ་སངས་རྒྱས་འབུམ་གྱི་ཁྱིམ་དུ་སྔོན་ཆད་ནོར་ལུག་གཅིག་ཀྱང་མེད། མི་རེར་སྒོར6400ཡི་ཐོན་ལས་ཁྱིམ་ཚང་གི་མ་དངུལ་སྤྲད་པ་བརྒྱུད་ལུག32ཉོས་པ་དང་སངས་རྒྱས་འབུམ་སྐྱེ་ཁམས་ལྟ་སྲུང་པར་གྱུར་བས། ད་ལྟ་སངས་རྒྱས་འབུམ་གྱིས་དགུན་ཁར་ནོར་ལུག་བཙོང་བ་དང་དབྱར་དུས་ནོར་ལུག་གི་ཁུལ་རྩིད་དང་བལ་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་དབུལ་ཐར་བྱུང་རྗེས་ཀྱི་ཁྱིམ་མི་ཚང་མའི་འཚོ་བ་ཧ་ཅང་སྐྱིད།

2017ལོར། དཀོན་ལོ་གོང་མ་སྡེ་བའི་ཁྱིམ་ཚང་དབུལ་བོ་ཚང་མ་དབུལ་ཞྭ་ཕུད་ནས་དབུལ་ཐར་སྲ་བརྟན་གྱི་དུས་མཚམས་སུ་སླེབས་ཡོད། 2018ལོར་སྡེ་བས་དབུལ་སྐྱོར་མ་དངུལ་སྤྱད་ནས་དེ་སྔའི་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རའི་འགྲམ་དུ་ཐོག་བརྩེགས་ཁང་ཆེན་ཞིག་བསྐྲུན་ནས་ཕྱོགས་བསྡུས་རང་བཞིན་གྱི་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་ཞིག་བསྐྲུན་རྩིས་ཡོད་པ་རེད། སྐལ་བཟང་ཟླ་བ་དང་སྡེ་མི་ཚོས་ཐོག་ཁང་འདི་བོགས་མར་བཏང་རྗེས། ཚང་མར་ཁེ་སྤོགས་བགོ་བཤའ་མི་རྒྱག་པར་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཡིན་པའི་ངོས་ནས་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་མཐོ་རུ་གཏོང་བའི་ཕྱོགས་སུ་སྤྱད།

ད་སྐབས་དཀོན་ལོ་གོང་མ་སྡེ་བས་ད་དུང་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་མཐོང་ནས། སྡེ་བའི་ནང་འབྲོག་ཁྱིམ་འཚོ་བའི་ཉམས་ལེན་ཁུལ1བསྐྲུན་པ་དང་དུས་འགོར་མ་དངུལ་སྒོར་འབུམ་གཉིས་བཏང་ནས་མི120སྣེ་ལེན་བྱས་ཤིང་མཐའ་འཁོར་གྱི་ཁྱིམ་ཚང་དབུལ་བོ7གྱི་མི19ལ་ལས་ཞུགས་གོ་སྐབས་ཐོབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར3684ཐོབ་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།