མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྩེ་ཆུའི་འགྲམ་ནས་བཞད།
2020.07.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

དབྱར་ཟླ་དྲུག་པའི་རྩེ་གཞུང་རྩྭ་ཐང་དུ་བསྟུད་མར་ཉིན་འགར་ཆར་བ་བབས་རྗེས། གཞི་ནས་གནམ་ངོ་དྭངས་པ་ན་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡོད་ཁུལ་གྱི་རིག་གནས་ཐང་ཆེན་དུ་མི་མང་པོ་འདུས་ནས་གླུ་གཞས་དང་ཞབས་བྲོ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་བཞིན་འདུག

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་དུང་དཀར་སྡོད་ཁུལ་ནི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཆེས་ཆེ་བའི་གནས་སྤོར་སྡོད་ཁུལ་ཞིག་ཡིན་ལ། སྡོད་ཁུལ་དེ་རུ་བོད་རིགས་དང་རྒྱ་རིགས། ཧོས་རིགས་གཙོ་བྱས་པའི་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་ཡོད་པ་དང་། དུས་རྒྱུན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་གཞི་བྱས་པའི་བྱ་འགུལ་ཡང་སྣ་མང་པོ་སྤེལ་བཞིན་ཡོད།

“ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན། སྐྱེ་ཁམས་སྲུང་སྐྱོང་། གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་བཅོས་སྐྱོང་”ནི་རྩེ་ཁོག་རྫོང་གི་བྱ་བའི་བྱེད་སྟངས་ཤིག་ཏུ་གྱུར་ཡོད་ལ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་གི་དུས་སྐབས་འདིར། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ་ལྟེ་གནད་དུ་བཟུང་ཞིང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་ལ་སྐུལ་འདེད་བྱེད་པར་ཤུགས་བརྒྱབ་ཅིང་། མི་རིགས་མཐུན་སྒྲིལ་འཛུགས་སྐྲུན“བསྐྱོད་པ་བརྒྱད”ཀྱི་བྱ་འགུལ་ནན་ཏན་གྱིས་སྤེལ་ནས། མི་རིགས་སོ་སོ་འཆམ་མཐུན་ངང་འཚོ་གནས་བྱེད་པའི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད།

རྩེ་ཁོག་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དངོས་འབེབས་བྱས་པའི་བྱ་བར་རྒྱུས་ལོན་བྱ་ཆེད། གསར་འགོད་པ་རྩེ་ཁོག་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡོད་ཁུལ་ཏེ་དུང་དཀར་སྡོད་ཁུལ་དུ་ཕྱིན།

རྒྱ་རིགས་ཨ་ནེ་ཀྲེང་ཞི་ཞིའུ་ཡིས་ནམ་རྒྱུན་དང་མི་འདྲ་བར་ལག་གཡས་པར་རྐུབ་སྟེགས་དང་ལག་གཡོན་པར་སིལ་ཏོག་འགའ་བཟུང་ནས་རིག་གནས་ཐང་ཆེན་གྱི་ཟུར་ཏུ་ཚོང་ཁང་གཉེར་བཞིན་པའི་བོད་རིགས་བུ་མོ་ཆོས་མོ་དང་ཁ་བརྡ་བྱེད་དུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་འདུག གསར་འགོད་པས་མོ་དང་མཉམ་དུ་གླེང་མོལ་བྱེད་སྐབས། མོའི་བུ་ཡིས་བོད་རིགས་བུ་མོ་ཞིག་ཆུང་མར་བླངས་རྗེས་བཟའ་མི་གང་བོ་སྡོད་ཁུལ་དེ་རུ་གནས་སྡོད་བྱས་ཡོད་པ་རྟོགས།

ཀྲེང་ཞི་ཞིའུ་ནི་རྒྱུན་པར་ཁོམ་པ་འདྲ་བྱུང་ཚེ་ཁྱིམ་མཚེས་དང་སྡེ་བའི་རྒན་དར་གཞོན་གསུམ་ལ་འབྲེལ་འདྲིས་བྱེད་རྒྱུར་ཧ་ཅང་དགའ། གསར་འགོད་པས་མོ་ཚང་གི་བཟའ་མིའི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ཡོད་པ་ཤེས་རྗེས་སྤྲོ་སེམས་འཁོལ་བའི་ངང་ཁྱིམ་དུ་བསུས། “ང་རྩེ་ཁོག་ལ་ཡོང་ནས་ལོ་གསུམ་ལྷག་འགོར་ལ། ད་ལྟ་བོད་རིགས་ས་ཁུལ་གྱི་འཚོ་བའི་གོམས་སྲོལ་ལ་ཕལ་ཆེར་ལོབས་འདུག ནམ་རྒྱུན་སྡོད་ཁུལ་གྱི་བོད་རིགས་མང་ཚོགས་དང་མཉམ་དུ་ཁ་བརྡ་བྱེད་པ་དང་བྱ་འགུལ་སྣ་ཚོགས་ལ་ཞུགས་པ། དེ་མིན་ཁྱིམ་མཚེས་ཕན་ཚུན་བར་རོགས་རམ་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད་པས་འཚོ་བ་ཡང་ཕུན་སུམ་ཚོགས་པོ་རེད”ཅེས་བཤད་བྱུང་།

ཀྲེང་ཞི་ཞིའུ་ཡི་བུ་ཡི་མིང་ལ་ལི་ཁྲུན་ཝུའུ་ཟེར་ཞིང་། 2010ལོར་རྩེ་ཆུ་གྲོང་རྡལ་གཡང་དམར་སྡེ་བའི་གདུགས་དཀར་སྐྱིད་ཆུང་མར་བླངས་རྗེས་གནས་དེ་རུ་གཏན་སྡོད་བྱས་པ་རེད། “ཕྱིར་འདང་ཞིག་བརྒྱབ་ན། ངས་རྩེ་ཁོག་རྫོང་ནས་ལོ་ངོ་བཅུ་གཅིག་ལ་འཚོ་བ་བསྐྱལ་ཟིན། ལོ་ངོ་འདི་འདྲ་མང་པོ་ཞིག་གི་རིང་ལ་རི་ཁ་ཁྱིམ་མཚེས་བར་ལ་རྩོད་གཞི་གང་ཡང་བྱུང་མ་མྱོང་བ་དང་། ནམ་རྒྱུན་ཕན་ཚུན་འཆམ་མཐུན་དང་རོགས་རེས་བྱེད་པ་དེ་ང་ཚོའི་སྡོད་ཁུལ་གྱི་དུས་རྒྱུན་གྱི་རྣམ་པ་ཞིག་ཏུ་གྱུར་འདུག”ཅེས་ལི་ཁྲུན་ཝུའུ་ཡིས་དེ་ལྟར་བཤད་དུས་ཆུང་མ་གདུགས་དཀར་སྐྱིད་ཀྱི་གདོང་ལ་དགའ་བའི་འཛུམ་ཞིག་མངོན་འདུག

རྩེ་ཁོག་ས་ཁུལ་དུ་ཁོ་ཚང་ལྟ་བུའི་མི་རིགས་མི་གཅིག་པ་ཁྱིམ་གཅིག་ཏུ་འཛོམས་ནས་འཆམ་མཐུན་ངང་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་ཉུང་ཉུང་མ་ཡིན་ཏེ། རྩེ་ཁོག་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྲིད་ཇུས་འོག རྫོང་ཡོངས་ཀྱི་རིགས་སོ་སོ་ཆུ་དང་འོ་མ་འདྲེས་པ་བཞིན་འབྲལ་ཐབས་མེད་པར་ཕན་ཚུན་དམ་དུ་སྦྲེལ་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས“མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ”གཏོང་བ་སྤྱིའི་དམིགས་འབེན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་གསུང་བཤད་རབ་དང་རིམ་པ་དང་། ཞིང་ཆེན་དང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ཐོག ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དེ་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་དང་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆེས་མཐོ་བའི་ཁེ་ཕན་དུ་བརྩིས་ཏེ། ལག་ལེན་ཁྲོད་ཏང་གི་མི་རིགས་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཡོད།

རྩེ་ཁོག་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚེ་རྡོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་ཏང་ཨུའི་མགོ་ཁྲིད་འོག་མགོ་ཁྲིད་དང་ལས་བྱེད་པས་རྒྱལ་ཁབ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་བླངས་པ་དང་། སྨྱན་བྱད་བེད་སྤྱད་དེ་རྒྱ་ཆེ་བའི་མང་ཚོགས་ལ་དྲིལ་སྒྲོག་གཏིང་ཟབ་བྱས་ཡོད་ལ། 2018ལོར་རྩེ་ཁོག་རྫོང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྔོན་ཐོན་རྫོང་གི་གྲས་སུ་བདམས་པ་དང་། 2019ལོར་རྩེ་ཁོག་རྫོང་དཔྱི་ས་ཞང་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞང་དུ་བདམས། ད་དུང་རྩེ་ཁོག་རྫོང་གི་དུང་དཀར་སྡོད་ཁུལ་དེ་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡོད་ཁུལ་དུ་བདམས་པ་སོགས་གཙོ་བྱས་པའི་ཚད་གཞི་མཐོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཚིགས21བཙུགས་ཏེ། རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་སློབ་སྦྱོང་ལ་ཤུགས་སྣོན་པ། དྲིལ་སྒྲོག་ལ་ཤུགས་སྣོན་པ་བཅས་གཙོར་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།