སློབ་གྲྭ་ནི་རེ་བའི་འདུན་མ་འཚོལ་སའི་གསེར་གྱི་གར་སྟེགས་ཡིན།
2020.08.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

 སློབ་ཁྲིད་ཀྱི་ནང་དོན་གྱིས་སློབ་མའི་བློ་རྒྱ་བསྐྱེད་ཐུབ་པ་ཞིག་ཡིན་ན། མཛེས་རྩལ་ནི་བློ་གྲོས་ཀྱི་རྩལ་ལས་དཀྲུགས་པའི་བསམ་བློའི་དྭངས་མ་དེ་མངོན་པའི་འཛུམ་མདངས་ཡིན་ལ། ཚན་རྩལ་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་ཐེམ་སྐས་དེ་ཡིན།

ཁྲིད་གཞི་ཡིས་ནམ་ཡང་སློབ་མའི་མ་འོངས་པ་དང་རེ་བ་མཚོན་ཐུབ་པས། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་རིམ་གསུམ་པར་སློབ་སྦྱོང་བྱེད་བཞིན་པའི་སློབ་བུ་སྐལ་བཟང་ཚེ་བརྟན་ལ་མཚོན་ན། སློབ་གྲྭ་ནི་རེ་བའི་འདུན་མ་འཚོལ་སའི་གསེར་གྱི་གར་སྟེགས་ཡིན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་བསྟུད་མར་ཉིན་འགར་ཆར་བ་བབས་རྗེས། གཞི་ནས་ཉི་མ་དྲོ་བའི་གནམ་གཤིས་སླེབས་པ་དང་བསྟུན། རྩེ་ཆུ་རྩྭ་ཐང་དུ་སྔར་བས་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་ཤིང་ག་ས་གང་དུ་སྔོ་ཡུག་ཡུག་ཏུ་སྣང་། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་སློབ་ཡོངས་སློབ་གྲྭའི་རྩལ་སྦྱོང་ར་བར་འདུས་ནས་སྔ་དྲོའི་ལུས་སྦྱོང་མཇུག་རྫོགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་རང་འཛིན་གྲྭའི་སློབ་ཁང་དུ་ལོག་བཞིན་འདུག

སློབ་གླིང་དུ། མི་གྲངས་ཉིས་སྟོང་ཙམ་ཡོད་པའི་སློབ་བུ་ཚོས་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་སློབ་སྦྱོང་ལ་འབད་པ་བྱེད་བཞིན་ཡོད། ཁོ་ཚོའི་ཁྲོད་དུ་ཉེ་བའི་ལོ་འགའི་སྔོན་ལ། དམིགས་བསལ་གྱི་སློབ་ལོ་རན་པའི་སློབ་བུ་ཁྱུ་ཞིག་ཡོད། ཁོ་ཚོའི་དབང་པོའི་ཡན་ལག་ལ་སྐྱོན་ཤོར་བ་དང་། རིག་སྟོབས་ལ་སྐྱོན་ཡོད་པའམ་ཡང་ན་རྒྱུ་རྐྱེན་གཞན་པའི་དབང་གིས་སློབ་གྲྭའི་ནང་ཞུགས་མ་ཐུབ་པར་སློབ་སྦྱོང་བྱེད་འདོད་པའི་འདུན་པ་མངོན་འགྱུར་བྱུང་མ་ཐུབ།

“ང་ཚན་རྩལ་ལ་དགའ།”

“ང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དགའ།”

“ང་རང་ཞབས་བྲོ་འཁྲབ་པར་དགའ།”

སློབ་ཁྲིད་ཐོག་ཁང་གི་སེམས་ཁམས་འདྲི་རྟོག་ཁང་དུ། སློབ་བུ་འགས་བློ་གཅིག་སེམས་གཅིག་གིས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་རང་རང་གི་དགའ་ཕྱོགས་འཆད་བཞིན་འདུག

ཁོ་ཚོའི་ཁྲོད་དུ་སློབ་བུ་གཞན་དག་དང་མི་འདྲ་བར་རིག་སྟོབས་ལ་སྐྱོན་ཤོར་བ་དང་།རྐང་ལག་མི་བདེ་བ། རྣ་བས་མི་གོ་བའི་སློབ་མའང་ཡོད།

སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་ཡིག་ཚགས་དང་བྱང་བུ་བཟོ་བ་དང་། སློབ་ཁྲིད་སྒོ་ཁར་སྐྱེལ་བའི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་ཆེད། སློབ་གྲྭའི་རྩ་འཛུགས་འོག་སློབ་གསོའི་ཞབས་ཞུ་རུ་ཁག་གིས་གཅེས་སེམས་སྒོ་ཁར་སྐྱེལ་བའི་བྱ་འགུལ་སྤེལ་བས་ས་གནས་མང་ཚོགས་དང་སློབ་གསོ་སྡེ་ཁག་གི་གདེང་འཇོག་བཟང་བོ་ཐོབ་ཡོད། དེ་མིན་སློབ་གྲྭས་ཆེད་དུ་བྱིས་པ་ཚོར་འཚོ་བའི་མཁོ་ཆས་དང་། སློབ་སྦྱོང་ཡོ་བྱད། འཚོ་བཅུད་ལྡན་པའི་ཟས་རིགས་དང་དེ་བཞིན་དུ་རིམས་ནད་འགོག་སྲུང་གི་སྨན་ཁབ་དང་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། བྱ་སྤྱོད་དངོས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱིས་པར་གཅེས་སྐྱོང་བྱེད་པ་དང་། འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་དབང་ཆ་རེ་ཐོབ་པར་འགན་སྲུང་བྱས་ནས།  ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་པ་ཆེན་པོ་ཐོན་ཡོད།

སློབ་བུ་སྐལ་བཟང་ཚེ་བརྟན་ནི་ཆ་སྐོར་ཞང་དགོ་རྩེ་སྡེ་བའི་ཡིན། ཆུང་ངུའི་དུས་ནས་བཟུང་རྣ་བའི་དབང་པོར་སྐྱོན་བྱུང་སྟེ་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་ཐད་བལྟོས་བཅས་ཀྱིས་དཀའ་ཁག་ཡོད།“དངོས་གནས་ཁོ་ཚོར་བཀའ་དྲིན་ཞུ་བཞིན་ཡོད། དང་ཐོག་ངའི་རྣ་བའི་དབང་ཤེས་ཉམས་ནས་གཞན་གྱིས་ཅི་བཤད་དེ་ལྟར་གོ་མི་ཐུབ་པས། མི་མང་ཚོགས་སར་འགྲོ་བའི་སྤོབས་པ་མེད་པར་ཁྱིམ་དུ་ལུས། ཡིན་ཡང་། སློབ་གྲྭའི་དགེ་རྒན་དག་ཡང་དང་བསྐྱར་དུ་ངེད་ཚང་ལ་ཡོང་ནས་སློབ་གསོ་བཏང་བར་མ་ཟད། རྣ་བའི་མཉན་ཆས་དང་འཚོ་བའི་ཡོ་བྱད་ཉོས་ཡོང་སྟེ་འཚོ་བའི་ཐད་ལ་རོགས་རམ་གང་མང་གནང་མཐར། ང་རང་སློབ་གྲྭར་ཞུགས་ཐུབ་པ་བྱུང་། དེང་སྐབས་ང་ཚོ་སློབ་བུ་གཞན་དག་དང་འདྲ་བར། སློབ་གྲྭར་ཚུད་ནས་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ཡོད་པས། ང་ཚོ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།”ད་ལྟ་སློབ་གྲྭ་རུ་ཡིག་རིགས་གསུམ་ལ་སྦྱོང་བ་བྱེད་ཞོར་སློབ་ཕྱིའི་བྱ་འགུལ་སྐབས་སུ་ཚན་རྩལ་ཁང་དུ་ཡོང་ནས་འཕྲུལ་ཆས་སྒྲིག་སྦྱོར་བྱེད་པ་དེ་ཁོའི་དགའ་ཕྱོགས་ཤིག་ཏུ་གྱུར་ཡོད།

སེམས་ཁམས་འདྲི་རྟོག་ཁང་གི་སློབ་ཁྲིད་ཀྱི་ནང་དོན་ནི་དབང་པོ་སྐྱོན་ཅན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་སྤྱི་ཚོགས་ནང་སྔར་བས་མཉམ་འདྲེས་ཐུབ་པར་རོགས་རམ་བྱེད་པའི་གཞི་རྩའི་ཐབས་ལམ་ཤིག་ཡིན་ལ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གསོ་དོ་མཉམ་དང་དྲང་སྙོམས་ཡོང་བར་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། དབང་པོ་སྐྱོན་ཅན་གྱི་བྱིས་པ་རྣམས་ལ་སློབ་གསོ་མྱོང་བའི་དབང་ཆ་ཡོད་པར་འགན་སྲུང་བྱེད་ཆེད། ཁོ་ཚོར་ཡང་ན་མཉམ་གཞན་དང་འདྲ་བའི་སློབ་སྦྱོང་དང་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ནི་རྩེ་ཁོག་རྫོང་གི་སློབ་གསོའི་དབུལ་སྐྱོར་དང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་གཞན་དང་མི་མཚུངས་པའི་སློབ་གསོ་སྒྲུབ་བྱེད་ཐབས་ཤིག་རེད།

རྩེ་ཁོག་རྫོང་མཁར་ཞོལ་ཆ་ཚང་སློབ་ཆུང་གིས་སློབ་བུ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་དུ། རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱེད་པ་ལས་གཞན་ཚན་རིག་ཤེས་བྱ་ངོ་སྤྲོད་བྱེད་པ་དང་། དམངས་ཁྲོད་རིག་གནས་ངོ་སྤྲོད་སོགས་ཀྱི་སློབ་གསེང་བྱ་འགུལ་སྤེལ་བཞིན་ཡོད། སློབ་གྲྭའི་ཞབས་བྲོ་ཁང་གི་ལྡེབས་ངོས་སུ་བྲིས་པའི“བྲོ་གར་ནི་རོལ་དབྱངས་ཀྱི་སྲོག་རྩ་ཡིན། རོལ་དབྱངས་ནི་བྲོ་གར་གྱི་གདངས་ཡིན།”ཞེས་པའི་ཡིག་ཕྲེང་ལས་རྟོགས་ཡོང་བ་ནི་སློབ་གྲྭ་འདིས་བྱིས་པའི་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དེ་ཡིན།

རི་མོ་འབྲི་བའི་སློབ་ཁང་དུ་དགེ་རྒན་གྱིས་མཛེས་རྩལ་ནི་ང་ཚོའི་འཚོ་བ་ལས་བྱུང་ལ། མཛེས་རྩལ་གྱིས་ང་ཚོའི་འཚོ་བར་སྤྲོ་སྣང་སྟེར་མྱོང་། དེ་བས་རི་མོ་ལ་དཀའ་འབྲི་དང་སླ་འབྲི་གཉིས་ཡོད་རུང་། ང་ཚོས་སྦྱོང་དགོས་པ་ནི་སྟབས་བདེའི་འབྲི་ཐབས་འདི་ཡིན་ནོ་ཞེས་ངག་ནས་སྐྱོར་ཏེ་གོ་སླ་བའི་སྒོ་ནས་སློབ་ཁྲིད་བྱེད་བཞིན་ཡོད།

སློབ་གྲྭར་ཞུགས་ནས་ལོ་ངོ་གསུམ་འགོར་བའི་རིང་ལ། གངས་ལྷ་གཡང་སྒྲོན་གྱི་དགའ་ཕྱོགས་ཇེ་མང་དུ་སོང་ནས། རྒྱུན་པར་སྟབས་བདེའི་རི་མོ་འབྲི་ཐབས་སྦྱངས་ཏེ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་འབྲི་བར་དགའ།“དྲིན་ལན་འཇལ་ཕྱིར་ཕ་ཡུལ་སྔོ་ལྗང་ཅན་དུ་བསྒྱུར་བའི་རི་མོ་བྲིས་ནས་ང་དང་ན་མཉམ་ཚོར་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་ཤེས་པའི་འདུ་ཤེས་ཆགས་སུ་འཇུག་རྒྱུ་ཡིན།”ཟེར།

རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་ནི1958བཙུགས་ཤིང་། རིམ་བཞིན་འཕེལ་རྒྱས་བྱུང་སྟེ་ད་ལྟ་སློབ་གྲྭ་རུ་འཛིན་གྲྭ42དང་། སློབ་མ1826དང་དགེ་རྒན་དང་ལས་བཟོ་པ149ཡོད།

རྒྱུས་ལོན་པ་ལྟར་ན། རྩེ་ཁོག་རྫོང་གིས་ཞིང་ཆེན་དང་ཁུལ་རིམ་པའི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་། གནད་ཁེལ་གྱི་ཐབས་ཇུས་ལག་བསྟར་བྱས་ནས་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་། གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་གྱི་བྱེ་བྲག་གི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པས། དབུལ་ཐར་མཁྲེགས་གཏོར་ཁྲོད་སློབ་གསོ་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེ་བཞིན་དུ་རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གིས“སློབ་གྲྭ་གཅིག་ལ་དཔེ་དབྱིབས་གཉིས”ཀྱི་བྱེད་ཐབས་སྤྱད་དེ།“མཉམ་འབྲེལ་གཅིག་དང་འགན་ལེན་བཞིའི”དོ་དམ་ལམ་ལུགས་དང་ལོ་རིམ་ཚན་ཆུང་གི་དོ་དམ་དཔེ་དབྱིབས་ཟུང་འབྲེལ་བྱས་པ་བརྒྱུད། དངོས་གནས་སློབ་ཁྲིད་དང་དོ་དམ་མཉམ་འཛིན་བྱས་ཏེ། ཞིབ་ཕྲ་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་དང་། ཁྱད་ཆོས་ཅན་གྱི་སློབ་གཉེར་ལམ་བུར་བསྐྱོད་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་སྟེ། སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་ཟམ་མི་ཆད་པར་གོང་འཕེལ་སོང་ཡོད། སློབ་གྲྭས“མི་ནི་གཞི་རྩ་ཡིན་པ་དང་། གསར་སྐྲུན་གསར་སྤེལ། འཆམ་མཐུན་འཕེལ་རྒྱས”བཅས་ཀྱི་སློབ་གཉེར་འདུ་ཤེས་ལ་གཞིགས་པ་དང་། བདེན་འཚོལ་དང་བརྩོན་འགྲུས། བྱམས་བརྩེ། གསོལ་འབུལ་བཅས་སློབ་གསོའི་རྩ་བར་འཛིན་པ། རང་རྟོན་དང་སློབ་ལ་བརྩོན་པ་དེ་སློབ་གྲྭའི་སློབ་སྦྱོང་གི་རྣམ་པ་ལེགས་པོར་བཟུང་སྟེ། ཀུན་སྤྱོད་ཀྱིས་སློབ་གྲྭ་འཛུགས་པ། རིག་གནས་ཀྱིས་སློབ་གྲྭ་སྐྱོང་བ། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྒྲུབ་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།