མཚོ་སྔོ་རེངས་འགྲམ་ནས་སྣོད་བཅུད་བདག་སྐྱོང་པར་འཕྲད་པ།
2020.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་འགྲམ་གྱི་བྲག་རྡོའི་སྟེང་དུ་བསྡད་དེ་མཚོ་སྔོ་རེངས་ལ་བལྟས་ན། བོངས་ཆེ་བའི་འཁྱགས་དར་རེ་རེས་ཕན་ཚུན་ལ་གཙུབ་ཅིང་བརྡར་ནས་ཚགས་སྒྲ་གྲགས་ཤིང་། འཁྱགས་དར་གྱི་གས་སྲུབ་ལས་ཕྱིར་བཞུར་ཡོང་བའི་མཚོ་ཆུ་དྭངས་མོ་དེའི་རྗེས་ཤུལ་འཁྱགས་རོམ་དཀར་པོའི་སྟེང་དུ་གསལ་ལེར་མཐོང་ཐུབ་ཅིང་། བྱ་རིགས་སྣ་ཚོགས་ཤིག་མཚོ་མོ་དང་ནམ་མཁའི་བར་ན་གཤོག་འགྱུར་གར་དུ་རྩེན་ཞིང་གསུང་སྙན་ལྷང་ལྷང་སྒྲོག་བཞིན་འདུག

སྐབས་དེར། མཚོ་འགྲམ་གྱི་གཞུང་ལམ་ཆེན་མོའི་ཟུར་ནས་མི་འགའ་ཚུར་ཡོང་བཞིན་འདུག ང་ཚོའི་ཉེ་འགྲམ་དུ་མ་ཐོན་གོང་ནས་ཁོ་ཚོས་ལྭ་བ་ལྗང་གུའི་སྟོད་ཀོར་རེ་གྱོན་ཡོད་པ་མཐོང་ཐུབ་ལ། སྟོད་ཀོར་གྱི་ཕྲག་པའི་སྟེང་དུ་འོད་ལྡོག་གི་རི་མོ་རེ་སྦྱར་ཡོད་པ་དེ་བས་ཀྱང་མིག་ལ་གསལ་བོར་སྣང་ཐུབ། དེ་ནི་རྒྱལ་ཁབ་སྤྱི་གླིང་སྣོད་བཅུད་བདག་སྐྱོང་པ་ཚོར་དམིགས་བསལ་དུ་ཡོད་པའི་མཚོན་རྟགས་ཤིག་རེད།

དབྱར་དགུན་གང་ཞིག་ཡིན་ཀྱང་ཆོག་ལ་ཁངས་ཆར་ཇི་ལྟར་བབས་ཀྱང་རུང་། ནམ་རྒྱུན་དུ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་བརྒྱུད་ནས་འགྲོ་དུས་སྐྱེ་ཁམས་བདག་སྐྱོང་པ་དག་དང་ངེས་མེད་དུ་འཕྲད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། ཧ་ལམ་ཉི་མ་རེ་རེར་སྣོད་བཅུད་བདག་སྐྱོང་མཁན་འདི་དག་གིས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ས་གཞི་འདི་རྐང་ཐང་གིས་གཞལ་ཏེ། རྣོ་དབལ་ལྡན་པའི་མིག་ཟུང་གིས་མཚོ་མོ་དང་རྩྭ་ཐང་། ད་དུང་དེ་ལས་མང་པོའི་ཚེ་སྲོག་མང་པོ་ཞིག་འཚོ་བཞིན་ཡོད་ལ། ཁོ་ཚོའི་མིག་མདངས་རེ་རེའི་ཁྲོད་དུ་འགན་འཁྲི་དང་ལ་རྒྱ། ད་དུང་རང་བྱུང་ཁམས་ཆེན་མོར་བཅངས་པའི་བརྩེ་བ་དང་གོང་བཀུར་གྱི་རྣམ་པ་ཞིག་བཅོས་མིན་དུ་མངོན་འདུག

ང་ཚོ་སྣོད་བཅུད་བདག་སྐྱོང་མཁན་དེ་དག་དང་མཉམ་དུ་བསྡད་ནས་ཁ་བརྡ་བྱེད་སའི་ས་གནས་དེ་ནི་སྔོན་ཆད་ལྗོངས་གཟིགས་སྟེགས་བུ་ཞིག་རེད། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་ནས་ཅུང་མ་འགོར་བར་ལྗོངས་གཟིགས་སྟེགས་བུ་དེ་བཤིག་ནས་མེད་པར་བཟོས་པ་རེད།  གཡོན་ཕྱོགས་ཀྱི་གཡང་གཟར་དེའི་གཤམ་ན་མུ་མཐའ་མེད་པའི་མཚོ་སྔོ་རེངས་མཐིང་མདོག་གིས་འཁྱིལ་འདུག་པ་དང་། གཡས་ཕྱོགས་ཀྱི་བྲག་རི་དེ་སྤྲིན་གསེབ་ཏུ་ཟུག་འདུག་པས་བལྟས་ཚོད་ཀྱིས་རི་རྒྱུད་དེའི་སྟེང་རོལ་སྤྲིན་དཀར་གྱི་རིམ་པས་མནན་འདུག་པའི་སྣང་བ་ཞིག་ངང་གིས་སྟེར།

ཐོག་མར་ང་ཚོ་དང་ཁ་བརྡ་བྱེད་མཁན་གྱི་སྣོད་བཅུད་བདག་སྐྱོང་མཁན་ནི་ན་གཞོན་གཉིས་རེད། ང་ཚོས་ཁོ་ཚོར་བཅར་འདྲི་ཞིག་བྱེད་དགོས་ཚུལ་སྐོར་གླེང་དུས།  ཁོ་གཉིས་མྱུར་དུ་ཁ་ཕྱིར་འཁོར་ནས་སྣོད་བཅུད་བདག་སྐྱོང་མཁན་གཞན་ཞིག་ལ་འབོད་བརྡ་བཏང་བ་ན། ལུས་པོ་ཅུང་རིད་པའི་གསར་བུ་ཞིག་རྨིད་བཅུ་ཁ་ཙམ་གྱི་མཚམས་ནས་ང་ཚོའི་ཕྱོགས་སུ་མྱུར་སྟབས་ཀྱིས་སླེབས་བྱུང་།  སྐབས་དེར་སྣོད་བཅུད་བདག་སྐྱོང་མཁན་སྔོན་མ་དེ་གཉིས་ཀྱིས་ང་ཚོར་ངེད་གཉིས་ཀྱིས་རྒྱ་སྐད་དེ་འདྲ་ཡག་པོ་བཤད་མི་ཤེས། རྟ་མགྲིན་སྐྱབས་ཀྱིས་བཤད་ན་བཟང་ཟེར།

ལོ་ན་ལྔ་བཅུར་སོན་མ་ཐག་པའི་རྟ་མགྲིན་སྐྱབས་ནི་ད་ལྟའི་ལས་གནས་འདི་ལ་ཞུགས་ནས་ལོ་ངོ་བཞི་ཙམ་ཕྱིན་ཡོད་པ་དང་། སྣོད་བཅུད་བདག་སྐྱོང་མཁན་ཞིག་ཡིན་པའི་ངོས་ནས་གནས་དེའི་རི་ཆུ་ནགས་གསུམ་དང་མཚོ་མོ། རི་སྐྱེས་སྲོག་ཆགས་སོགས་ནི་ཁོའི་སྲུང་སྐྱོབ་བྱེད་ཡུལ་རེད། ཐ་ན་ང་ཚོ་དང་ཁ་བརྡ་བྱེད་པའི་སྐབས་སུ་ཡང་ཁོའི་མིག་ཟུང་དེ་ལན་རེར་ལམ་འགྲམ་ན་གད་སྙིགས་ཡོད་མེད་ཀྱི་ཕྱོགས་སུ་འཁོར་ཀྱིན་འདུག  ང་ཚོ་དང་ཁ་བརྡ་བྱེད་པའི་སྐབས་སུ་ཐེངས་དུ་མར་ཁོས་ཕྱོགས་གཅིག་ནས་ཁ་བརྡ་བྱེད་ཞོར་ཕྱོགས་གཅིག་ནས་ཐང་ལ་སྒུར་ཏེ་ཐ་མག་གི་དུ་སྣེ་སོགས་ཉེ་འགྲམ་གྱི་གད་སྙིགས་འཐུས་ནས་གད་སྙིགས་བླུགས་སྣོད་དུ་བསྡུ་བཞིན་པར་བལྟས་ན། གལ་ཏེ་མྱུར་དུ་མ་འཐུས་ཚེ་གད་སྙིགས་དེ་དག་བྲོས་འགྲོ་བ་ཨེ་ཡིན་སྙམ་པའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྟེར།

ན་ནིང་གི་དབྱར་ཟླ་དྲུག་པའི་ཉིན་ཞིག་གི་སྔ་དྲོར། རྟ་མགྲིན་སྐྱབས་དང་ཁོའི་ལས་གྲོགས་ཚོ་མཉམ་དུ་མཚོ་འགྲམ་དུ་སྐོར་ཞིབ་ལ་འགྲོ་དུས།   ཁོ་ཚོ་དང་ཐག་རིང་བའི་ལྕགས་རའི་མཐའ་ན་རྐྱང་ཞིག་གིས་སྲོག་དང་བསྡོས་ནས་འཕག་འཚག་བྱེད་བཞིན་པ་མཐོང་། ཁོ་ཚོ་མྱུར་དུ་དེའི་གམ་དུ་སོང་དུས་རྐྱང་དེའི་ལག་པ་གཉིས་ལྕགས་སྐུད་ཀྱི་བར་དུ་ཚུད་འདུག  སྐབས་དེར་ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གིས་རྐྱང་དེ་ཡུན་གྱིས་གཡུང་ལ་ཕབ་ཅི་ཐུབ་བྱས་པ་དང་མི་གཞན་ཞིག་གིས་མྱུར་དུ་ལག་མགོའི་ལྕགས་སྐུད་བཀྲོལ། སྟབས་ལེགས་པ་ཞིག་ལ་རྐྱང་དེར་རྨས་སྐྱོན་ཆེན་པོ་ཅི་ཡང་ཕོག་མི་འདུག  རྐྱང་དེ་འཇིགས་ཉེན་ལས་སྐྱོབ་རྗེས་ཕྱིར་རང་བྱུང་ཁམས་ཆེན་མོའི་པང་བར་ལོག་པའི་རྣམ་པ་དེ་བརྗོད་སྐབས། རྟ་མགྲིན་སྐྱབས་ཀྱི་གདོང་གི་ཉམས་འགྱུར་ལས་ཡིད་ཆེས་དང་བརྟན་བརླིང་གི་ཉམས་སྣང་ཞིག་མཐོང་བྱུང་ཞིང་། དེ་ནི་ཕལ་ཆེར་མི་དང་རང་བྱུང་ཁམས་ཀྱི་སྐྱེ་འགྲོ་ཐམས་ཅད་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་བྱེད་པའི་གནས་ལུགས་དམ་སྲུང་བྱེད་པའི་ཡིད་ཆེས་རིགས་ཤིག་ཡིན་ཀྱང་སྲིད།

སྣོད་བཅུད་བདག་སྐྱོང་མཁན་ཚང་མ་ནི་ལོ་ན་སོན་པའི་རྒན་པ་ཏག་ཏག་ཡིན་པར་བསམས་མོད། རྟ་མགྲིན་སྐྱབས་དང་མཉམ་དུ་ཡོད་པའི་གྲོགས་པོ་ཞིག་གིས་བཤད་ན། ཁོ་རང་ལས་གཞན་ཚང་མ་ལོ་ན་སུམ་ཅུར་སོན་མ་ཐག་པའི་ན་གཞོན་ཏག་ཏག་ཡིན་ཟེར།

གཏམ་བརྗོད་དང་བྱ་སྤྱོད་གང་གི་ཆ་ནས་ཀྱང་སྣོད་བཅུད་བདག་སྐྱོང་མཁན་དེ་དག་གིས་རྟ་མགྲིན་སྐྱབས་ལ་བརྩི་བཀུར་བྱེད་ཀྱི་ཡོད་ལ་གནད་དོན་གང་ཞིག་ལ་འཕྲད་ཀྱང་ཐོག་མར་རྟ་མགྲིན་སྐྱབས་ལ་བློ་འདྲི་བྱེད་བཞིན་ཡོད། དངོས་ནས་རྟ་མགྲིན་སྐྱབས་ཀྱིས་ཟླ་བ་གང་གི་ནང་དུ་བྱ་རིགས་གང་ཞིག་ཕྱིར་འཕུར་ནས་ཡོང་བ་དང་བྱ་རིགས་གང་ཞིག་གཞན་དུ་འཕུར་འགྲོ་བ། ཐབས་བཀོད་གང་ཞིག་ལ་བརྟེན་ནས་ཉེ་ལམ་གྱི་གནམ་གཤིས་འགྱུར་ལྡོག་ལ་བརྟག་པ། ལོ་ནམ་ཞིག་ལ་ས་གནས་དེར་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཆེས་མང་པ། ལོ་གཅིག་གི་ནང་རོལ་གྱི་དུས་ཚིགས་བཞི་བོར་མཚོ་མོར་འགྱུར་ལྡོག་ཅི་ཞིག་ཡོད་པ་སོགས་ཧ་ཅང་གསལ་བོ་ཡིན།

ང་ཚོ་དང་མཉམ་དུ་འགྲོ་བཞིན་པའི་ལོ་ཙཱ་བ་ཟླ་སྒྲོན་གྱིས་བཤད་རྒྱུར། སྣོད་བཅུད་བདག་སྐྱོང་མཁན་ཚང་མ་ནི་མི་རབས་ནས་མི་རབས་སུ་གནས་དེ་ནས་འཚོ་གཞེས་བྱེད་བཞིན་པའི་འབྲོག་པ་ཡིན་ཞིང་། ཁོ་ཚོས་རྒྱལ་ཁབ་སྤྱི་གླིང་ལ་སྐོར་ཞིབ་བྱེད་པ་ནི་རང་གི་ཕྱུགས་རར་སྲུང་སྐྱོབ་བྱེད་པ་དང་འདྲ་ལ། ལྷག་པར་དུ་ལོ་ན་ཅུང་མཐོ་བའི་སྣོད་བཅུད་བདག་སྐྱོང་པ་དག་ལ་མཚོན་ན་ཁོ་ཚོའི་སྣོད་བཅུད་སྲུང་སྐྱོབ་སྐོར་གྱི་ཉམས་མྱོང་ནི་མི་རབས་དུ་མར་རིམ་བསགས་བྱས་ནས་བྱུང་བ་ཞིག་ཡིན།  སྐོར་ཞིབ་བྱེད་པའི་སྐབས་སུ་ཁོ་ཚོས་རང་གི་རྣ་བར་བརྟེན་ནས་སྐྱེ་འགྲོ་མང་པོའི་སྐད་སྒྲར་ཉན་ཡོད་པ་དང་མིག་ཟུང་ལ་བརྟེན་ནས་རི་ཆུ་ནགས་གསུམ་གྱི་འགྱུར་བར་བརྟག་ཡོད་ལ། སེམས་ཁམས་ཀྱི་ཚོར་བས་རང་བྱུང་ཁམས་ཆེན་མོའི་དགའ་སྐྱོ་ཆགས་སྡང་འཚོས་ཡོད་ཟེར།

སྣོད་བཅུད་བདག་སྐྱོང་ཁམས་རྣམས་ཀྱིས་བཤད་པའི་གཏམ་རྒྱུད་ལ་ཞིབ་ཏུ་ཉན་ཚེ།  ཁོ་ཚོས་ཅིའི་ཕྱིར་དབྱར་དུས་སུ་ཕྱུགས་འཚོ་མཚམས་འཇོག་པ་དང་དགུན་ཁར་སླེབས་དུས་མུ་མཐུད་དུ་ཕྱུགས་འཚོ་བ། ཁོ་ཚོས་ཅི་ལྟར་རང་བྱུང་ཁམས་ཆེན་མོའི་གསང་བརྡ་རྟོགས་ཐུབ་པ། ཁོ་ཚོས་ཅི་ལྟར་སྲོག་ཆགས་སྣ་ཚོགས་ཀྱི་དབྱེ་བ་མ་ནོར་བར་འབྱེད་ཐུབ་པ་སོགས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་གསང་བ་མང་པོ་ཞིག་གཞི་ནས་རྟོགས་ཐུབ་པར་གྱུར།

རྟ་མགྲིན་སྐྱབས་སོགས་སྣོད་བཅུད་བདག་སྐྱོང་མཁན་དེ་དག་དང་ཁ་བྲལ་ནས་འགྲོ་དུས་གནམ་ངོ་འགྱུར་ནས་ཆར་བ་འབབ་མགོ་བརྩམས་སོང་། རྨ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོ་རེངས་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཞེས་བྲིས་ཡོད་པའི་དར་དམར་ཆུང་ཆུང་དེ་དག་སྐྱེ་ཁམས་བདག་སྐྱོང་པ་དེ་དག་གི་ལག་ཏུ་རླུང་གིས་ལྷབ་ལྷུབ་སྐྱོད་བཞིན་མཆིས། ང་ཚོ་ཕྱིར་ལོག་པའི་ལམ་བར་དུ་འདི་ལྟ་བུའི་བརྗེད་པར་དཀའ་བའི་རྣམ་པ་ཞིག་མིག་ལམ་དུ་མངོན་བྱུང་སྟེ། བོད་ལྭ་གྱོན་པའི་ཨ་མ་རྒན་མོ་ཞིག་གིས་བྱིས་པ་ཞིག་ལག་མགོར་ཁྲིད་ཅིང་། བྱིས་པའི་ལག་ཏུ་གད་སྙིགས་ལྡུག་སའི་ཁུག་མ་ཞིག་བཟུང་འདུག  རྣམ་པ་དེ་མཐོང་དུས་ང་ཚོའི་སེམས་སུ་རྟ་མགྲིན་སྐྱབས་ཀྱིས་བཤད་པའི་སྐད་ཆ་ཞིག་སྟེ། གནས་འདི་གར་འཚོ་བ་རོལ་བཞིན་པའི་མི་ཚང་མ་ནི་སྣོད་བཅུད་བདག་སྐྱོང་མཁན་ཡིན་ཞེས་པ་དེ་ཝ་ལེར་དྲན་བྱུང་།

རྒྱལ་སྤྱིའི་རང་ཚུགས་དཔྱད་ཞིབ་ཚོ་ཆུང་གིས་བྲིས་པའི་《རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང》ཞེས་པར་སྐད་ཆ་འདི་འདྲ་ཞིག་ཡོད་དེ། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་བོད་རིགས་མི་དམངས་དང་ཁོ་ཚོ་སྐྱེད་སྲིང་བྱེད་མཁན་གྱི་ས་གཞི་ཆེན་པོ་འཆམ་མཐུན་མཉམ་གནས་བྱེད་པའི་རྣམ་པ་དེས་ང་ཚོར་གོང་བཀུར་གྱི་བསམ་བློ་ཞིག་སྐྱེས་སུ་བཅུག་སོང་ཞེས་བྲིས་འདུག

དེ་བཞིན་དུ་རྟ་མགྲིན་སྐྱབས་ཀྱི་བྱ་བ་རེ་རེས་ཀྱང་ང་ཚོར་གོང་བཀུར་ཡི་རང་གི་བསམ་བློ་ཞིག་ངང་གིས་སྐྱེས་སུ་བཅུག

                                                                     ལོ་ཙཱ་བ། གཡང་འབུམ་རྒྱལ།