དཀར་ལྷ་སྡེ་བས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་གསར་པ་རོལ།
2020.08.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

རི་སྐྱེས་མེ་ཏོག་གིས་བརྒྱན་པའི་བགྲོད་ལམ་དེ་ཡུལ་སྐོར་ལྗོངས་ཁུལ་གྱི་ལྟད་མོ་ལྟ་ས་རུ་གྱུར་པ་དང་། སྔོན་ཆད་ཀྱི་སློབ་གྲྭའི་ཤུལ་དེ་ཡུལ་སྐོར་པའི་ས་ཚིགས་སུ་གྱུར་ལ། སྲོལ་རྒྱུན་ཕྱུགས་ལས་གྱི་སྡེ་བ་དེ་ཡུལ་སྐོར་སྡེ་བར་གྱུར། དབྱར་གཞུང་གི་ཞོགས་པ་ཞིག་ལ། ང་ཚོ་གསར་འགོད་པ་གུང་ཧོ་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ལ་སོང་རྗེས། གུང་ཧོ་རྫོང་སྤྲེ་ནག་ཡུལ་ཚོ་དཀར་ལྷ་སྡེ་བར་ཐོན་པ་དང་། སྔོན་ཆད་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་དེས་ཡུལ་སྐོར་ཐོན་ལས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སྣེ་ཁྲིད་དེ་བདེ་སྐྱིད་དཔལ་ལ་རོལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ང་ཚོ་རླངས་འཁོར་ལས་བབས་མ་ཐག གོས་ལྗང་ཐང་དུ་བཏིང་འདྲའི་རྩྭ་ཐང་སྟེང་དུ་རི་སྐྱེས་མེ་ཏོག་སྣ་ཚོགས་ཀྱིས་མིག་དབང་ཅིག་ཅར་དུ་འཕྲོག འབྲོག་པ་སྟག་ལྷ་འབུམ་འཕྲུལ་རྟར་བཞོན་ནས་ནོར་ལུག་འཚོ་བཞིན་འདུག ཐག་མི་རིང་བའི་ས་རུ་གསར་དུ་ལས་པའི་སོ་ཕག་གི་སྡོད་ཁང་མཛེས་སྤྲས་བྱས་པ་ཞིག་མཐོང་བ་དང་། ཚད་གཞི་མཐོན་པོའི་ཕྱུགས་ཁང་དག་གྲལ་འགའ་ཡང་ཕྲེང་བསྟར་བསྒྲིགས་འདུག “ལོ་འདི་གཉིས་ཀྱི་རིང་ལ། ཡུལ་སྐོར་ཐོན་ལས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བས་འབྲོག་པ་རྣམས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད” ཅེས་སྤྲེ་ནག་ཡུལ་ཚོའི་འགོ་གཙོ་གཞོན་པའམ་དཀར་ལྷ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཞའོ་ཧྥུན་ཀྲི་ཡིས་གསར་འགོད་པར་དེ་ལྟར་བཤད།

ཞའོ་ཧྥུན་ཀྲི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དཀར་ལྷ་སྡེ་བར་ཁྱིམ་ཚང་སུམ་བརྒྱ་དང་སོ་བདུན་དང་མི་གྲངས་སྟོང་གཅིག་དང་བརྒྱ་དང་རེ་བདུན་ཡོད་ལ། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་དོན་གཉིས་ཡོད། སྡེ་བ་འདི་ནི་ས་ཁོངས་ཡངས་ཤིང་རྒྱ་ཆེ་ལ་ཐར་ཐོར་དུ་གཞིས་ཆགས་ཡོད་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་མོད། འོན་ཀྱང་དབུལ་ཕོངས་ཁྱིམ་ཚང་ལ་ཕྱུགས་ཟོག་མེད་པས། རྩྭ་སའི་ཁ་གསབ་དང་མ་མཐའི་འཚོ་བའི་འགན་སྲུང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དཀར་ལྷ་སྡེ་བས་གནས་བབ་དེ་བསྒྱུར་བར་འབད་བརྩོན་བྱེད་པའི་ཁྲོད་ནས་གོ་སྐབས་གསར་བ་བཙལ།

2015ལོར། གནད་འཁེལ་དབུལ་སྐྱོར་སྲིད་ཇུས་དཀར་ལྷ་སྡེ་བ་རུ་ལག་བསྟར་བྱས།  བགོས་ཆོག་པའི་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་དགུ་བརྒྱ་མན་གྱི་འབྲོག་ཁྱིམ་བདུན་ཅུ་དོན་གཉིས་པོ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ནང་དུ་བཞག་སྟེ། ཚད་གཞི་མཐོན་པོའི་ཕྱུགས་ཁང་ལས་པར་མ་ཟད། ཁྱིམ་ཐོན་ཐོན་ལས་ལས་གཞིའི་མ་དངུལ་གྱིས་རོགས་སྐྱོར་བྱས། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། 2018ལོར། ཞིང་ཆེན་ནོར་སྲིད་ཐིན་གྱིས་བྱིན་པའི་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ལྷག་དང་དབུལ་ཕོངས་ཁྱིམ་ཚང་རང་གིས་གྲབས་གསོག་བྱས་པའི་མ་དངུལ་སྒོར་མོ་ཁྲི་དྲུག་དང་སྟོང་བརྒྱད་བཀོལ་ནས། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་དོན་དངོས་གནས་ཚུལ་དང་འབྲེལ་ཏེ་ཁྱིམ་ཚང་ལྟར་བྱེད་ཐབས་བཀོལ་བ་དང་། ཕྱུགས་ཟོག་དང་ཞིང་ལས་འཕྲུལ་ཆས་ཉོས་ཏེ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བརྟན་འཇགས་ཡོང་སྒོ་ལ་འགན་སྲུང་བྱས་ཤིང་། དཀར་ལྷ་སྡེ་བས་ཕྱུགས་ལས་རྐྱང་རྐྱང་གཉེར་ནས་འཕེལ་རྒྱས་གཏོང་བའི་ཐབས་ལམ་བསྒྱུར་བར་རྨང་གཞི་བཏིངས།

བསྒྱུར་བཅོས་ཟེར་བ་ནི་མིག་སྔར་ལ་རྐང་འཛུགས་དགོས་པར་མ་ཟད་མ་འོངས་པར་གོམ་སྟབས་ཆེན་པོས་མཆོངས་དགོས་པ་དེ་རེད། དཀར་ལྷ་སྡེ་བ་མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་ལམ་འགྲམ་དུ་ཆགས་ཡོད་ལ། མཚོ་སྔོན་པོའི་འགྲམ་གྱི་ཆེས་བཟང་བའི་གནས་ཡུལ་ཡིན་པས། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཤིན་ཏུ་འཚམ། 2018ལོར། དཀར་ལྷ་སྡེ་བའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བདུན་ཅུ་དོན་གཉིས་པོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་བྱེད་པའི་མ་དངུལ་མཉམ་གཅིག་ཏུ་བསྡུས་ཏེ། སྔོན་ཆད་ཀྱི་སློབ་གྲྭའི་ཤུལ་དེ་མགྲོན་ཁང་དུ་བསྒྱུར་པ་དང་། ཐུན་མོང་མ་ཡིན་པའི་ཇུས་འགོད་བྱེད་ཚུལ་ལྡན་པའི་ཁང་མིག་བཅུ་གསུམ་པོར་ལོ་རེར་སྒོར་མོ་འབུམ་གཅིག་བྱས་ཏེ་གཞན་ལ་གླས་པས། ཡུལ་སྐོར་ཐོན་ལས་དེ་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར། 2019ལོར། དབུལ་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་པོ་ཡོད་པ་དེ་ཐད་ཀར་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་ཕྱོགས་སུ་བཀོལ་བ་སྟེ། ཁང་མིག་བཅོ་ལྔ་ཅན་གྱི་མགྲོན་ཁང་ཞིག་གསར་དུ་ལས་ནས་ཡང་བསྐྱར་མགྲོན་ཁང་གི་གཞི་རྒྱ་བསྐྱེད་པ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་ལ་མུ་མཐུད་དུ་འགན་སྲུང་བྱས་ཏེ་ཡོང་སྒོ་བརྟན་བརླིང་གི་སྒོ་ནས་འཕར་བར་ཁག་ཐེག་བྱས།

དབུལ་ཕོངས་ལས་ཐར་བ་ཁོ་ནས་མི་ཆོག་པར་ད་རུང་འཚོ་བ་གསར་པ་དང་འབད་བརྩོན་གྱིས་མདུན་སྐྱོད་བྱེད་པའི་མགོ་ཚུགས་ས་གསར་པ་ཞིག་ལ་ཁ་ཕྱོགས་དགོས། སྡེ་སྡོད་ཧྲུའུ་ཅི་ཡིས་མུ་མཐུད་དུ་འབད་བརྩོན་བྱས་པ་བརྒྱུད་དེ། དཀར་ལྷ་སྡེ་བའི་འབྲོག་ཁྱིམ་སུམ་བརྒྱ་དང་ལྔ་ཡི་དབུལ་སྐྱོར་སྲིད་ཇུས་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་ལྔ་མཚོ་སྔོན་ཨ་ཆེན་གངས་རྒྱབ་དངོས་གཉེར་གསར་སྤེལ་མཉམ་ལས་ཚད་ཡོད་ཀུང་སིར་མ་རྐང་དུ་བཏང་བས། འབྲོག་པ་རྣམས་ཀྱིས་ལོ་རེར་ཁེ་སྤོགས་ལེན་བཞིན་ཡོད། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱས་པ་ལས་མི་རེར་ལོ་རེར་སྒོར་མོ་ཁྲི་གཉིས་དང་སྟོང་བདུན་གྱི་གླ་ཕོགས་ཡོད་པར་གྱུར། དེ་དང་ཆབས་ཅིག་ཏུ། སྲིད་གཞུང་གིས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལ་ཉེན་སྲུང་གྲོན་དངུལ་སྤྲད་པ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་སྡོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་སྒོར་མོ་ཁྲི་དྲུག་རེ་བྱིན་ནས། དགུན་ས་རུ་མུས་གྲུ་བཞི་མ་དྲུག་ཅུ་ཅན་གྱི་སོ་ཕག་སྡོད་ཁང་ལས་པ་སོགས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་པ་དང་དབུལ་སྐྱོར་ལས་བྱེད་པས་མཉམ་དུ་ཧུར་བརྩོན་བྱས་ཏེ། དཀར་ལྷ་སྡེ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས།

སྡེ་མི་འབུམ་རྒྱལ་ཐར་གྱི་འཚོ་བའི་འགྱུར་ལྡོག་ནི་ཆེས་བཟང་བའི་བདེན་དཔང་ཞིག་རེད། ད་ལོ་ལོ་དྲུག་ཅུ་ལ་སོན་པའི་འབུལ་རྒྱལ་ཐར་ནི་དཀར་ལྷ་སྡེ་བའི་སྡེ་མི་ཡིན་ལ། སྔོན་ཆད་ཁོ་ཚང་ལ་སྟབས་བདེ་བའི་ལྕགས་ཀྱིས་ལས་པའི་ཁང་མིག་གཅིག་མ་གཏོགས་མེད། ད་ལྟ། མུས་གྲུ་བཞི་མ་དྲུག་ཅུ་ཅན་གྱི་སོ་ཕག་སྡོད་ཁང་ཞིག་ཡོད་པས་ཁོད་ཡངས་ལ་ནང་གསལ། འབུམ་རྒྱལ་ཐར་གྱིས་རྟ་ཞིག་ཉོས་ཏེ་དབྱར་ཁར་ཡུལ་སྐོར་པར་དྲན་རྟེན་འདྲ་པར་ལེན་སྤྱད་བྱེད་བཞིན་ཡོད་པས་ཡུལ་སྐོར་དུས་གཞུང་དུ་སྒོར་མོ་ཁྲི་གཅིག་རེའི་ཡོང་སྒོ་བཙལ་ཐུབ། ད་ལྟ་འབུམ་རྒྱལ་ཐར་གྱི་བུ་མགོན་པོ་ཐར་རྩྭ་སྲུང་པ་བྱས་ཡོད་པས་ལོ་རེར་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་གི་གླ་ཕོགས་ཡོད་པ་དང་། མགོན་པོ་ཐར་གྱིས་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་ཏེ་ཡོང་སྒོ་ཇེ་མང་དུ་གཏོང་བཞིན་ཡོད། དེ་ལས་ང་ཚོས་ཤེས་ཐུབ་པ་ནི། ཡུལ་སྐོར་ཐོན་ལས་ཀྱི་སྣེ་ཁྲིད་འོག་ཏུ། དཀར་ལྷ་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་། འབྲོག་པ་རྣམས་ཀྱིས་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་སྒོར་མོ་བཙལ་བའི་ཐབས་ལམ་ཇེ་མང་ནས་ཇེ་མང་དུ་གཏོང་བཞིན་ཡོད་པ་དེ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།