མཐོ་སྒང་གི་དབུལ་ཕོངས་སྡེ་བ་རུ་འཚོ་བ་རོལ་བཞིན་པའི་མི་ཞིག་ཡིན་ན་མདུན་བསྐྱོད་ཀྱི་ལམ་བུའི་སྟེང་དུ་དཀའ་ཁག་མི་ཉུང་བར་འཕྲད་སྲིད། རྟ་མགྲིན་རྡོ་རྗེ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་ཏེ། ནད་ཀྱི་དབང་གིས་དབུལ་པོར་གྱུར་པའི་བཟའ་མི་བརྒྱད་པོས་ཁོ་གཅིག་པུས་བཙལ་བའི་སྒོར་མོར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ད་ལྟ། རྟ་མགྲིན་རྡོ་རྗེ་ཀུང་སིའི་ནང་གི་སྐྱེལ་འདྲེན་པ་ཞིག་ཏུ་གྱུར་པས། ཟླ་རེར་སྒོར4000ལྷག་གི་ཡོང་སྒོ་ཡོད་པས་ཁྱིམ་ཚང་གང་བོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོ་རྨོག་དབུས་སྡེ་བ་ནི་ཕྱུགས་ལས་གཙོ་བོ་གཉེར་བ་དང་ཞིང་ལས་ཉུང་ངུ་ཞིག་ཞོར་དུ་གཉེར་བའི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་སུ་ཁྱོན་བསྡོམས་ཁྱིམ་ཚང138དང་མི474ཡོད། རྨོག་དབུས་སྡེ་བ་ཞང་སྲིད་གཞུང་དང་ཐག་རིང་ལ། རྩྭ་ས་དང་རྨོ་ཞིང་ཉུང་བས་སྡེ་བའི་འཕེལ་རྒྱས་ལ་ཚད་བཀག་ཆེན་པོ་ཐེབས་ཡོད། སྡེ་བ་ཧྲིལ་པོ་གནས་སྤོར་བའི་ཇུས་གཞི་གུང་ཧོ་རྫོང་ཨུའི་རྒྱུན་ཨུ་ཡི་གྲོས་རིམ་ནང་བཞག་ནས་ཅང་མ་འགོར་བའི2018ལོའི་ཟླ8པར། རྨོག་དབུས་སྡེ་བ་ཡུལ་གཞན་དུ་དབུལ་སྐྱོར་གཅིག་བསྡུས་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་ཤིང་། སོ་ཕག་དང་ཨར་འདམ་སྒྲིག་གཞིའི་སྡོད་ཁང120གསར་འཛུགས་བྱེད་པའི་འཆར་འགོད་བཀོད་པ་དང་། ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཕན་རང་བཞིན་གྱི་སྒྲིག་ཆས་མ་ལག་འཛུགས་སྐྲུན་བྱས།
ཡུལ་གཞན་དུ་གནས་སྤོར་ལས་གཞི་ལག་བསྟར་བྱས་པ་དེས་སྡེ་མི་རྣམས་ལ་འཚོ་བ་གསར་པ་བསྐྱལ་བ་དང་ལྷན་དུ་འགྲན་སློང་གསར་པ་ཞིག་ཀྱང་ཁྱེར་ཡོང་བ་རེད། སྡེ་མི་རྣམས་ཀྱི་མ་འོངས་པའི་འཚོ་བར་ཇི་ལྟར་འགན་སྲུང་བྱེད་དགོས་པ་དང་། ཇི་ལྟར་བྱས་ན་ད་གཟོད“སྤོར་ཐུབ་པ་དང་སྡོད་ཐུབ་པ། འགན་སྲུང་ཡོད་པ། ཕྱུག་འགྱུར་ཐུབ་པ”སོགས་ཀྱི་དཀའ་ཁག་ཆེ་བའི་གནད་དོན་དེ་དག་རིམ་པ་སོ་སོའི་སྡེ་བའི་ལས་བྱེད་པ་རྣམས་ཀྱི་མདུན་དུ་ལྷགས་ཡོད། དེ་བས། སྡེ་བའི་ནང་ནས་ཏང་ཡོན་ཚོགས་ཆེན་དང་སྡེ་དམངས་སྐུལ་སློང་ཚོགས་ཆེན་ཐེངས་མང་དུ་བསྡུས་པ་དང་། རྟོག་ཞིབ་དང་བགྲོ་གླེང་གང་མང་བྱས་རྗེས། རྨོག་དབུས་སྡེ་བས་ས་གནས་ཀྱི་རྨ་ཆུའི་སྟོད་རྒྱུད་དང་ཉེ་བའི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིའི་གནས་ཡུལ་ལེགས་ཆར་བརྟེན་ཏེ། ས་གནས་སྲིད་གཞུང་གི་ཤུགས་ཆེ་བའི་རྒྱབ་སྐྱོར་འོག སྡེ་དམངས་ཀྱིས་མ་རྐང་འཇོག་པའི་ཐབས་ལམ་གྱིས་གུང་ཧོ་ཅན་མེ་སི་ཨར་འདམ་བཟོ་སྐྲུན་ཚད་ཡོད་ཀུང་སི་ཞེས་པའི་སྡེ་སྒྲུབ་ཁེ་ལས་ཤིག་བཙུགས་ནས། གཙོ་བོ་ཨར་འདམ་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བྱས་པ་རེད།
སྡེ་བའི་ཐུན་མོང་གི་དཔལ་འབྱོར་གསར་འཛུགས་བྱས་ན་ཆེས་མོད་པ་ནི་ངལ་རྩོལ་པ་ཡིན་པས། འདེགས་འབེབས་འཕྲུལ་འཁོར་གྱི་ཁ་ལོ་བ་ནས་སྐྱེལ་འདྲེན་མི་སྣ་དང་། ཨར་འདམ་ལས་ཀ་བ་སོགས་ཀྱི་ཁྲོད་དུ་རྨོག་དབུས་སྡེ་བའི་སྡེ་མིའི་གཟུགས་བརྙན་མཐོང་ཐུབ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར།“ཀུང་སིའི་ནང་དུ་མིག་སྔར་རང་སྡེ་བའི་ངལ་རྩོལ་པ12ཡོད་ལ། ལོ་རེའི་ཟླ4བ་ནས་ཟླ10པའི་བར་ཁོ་ཚོ་ཀུང་སི་རུ་ལས་ཀར་ཞུགས་ཀྱིན་ཡོད། ལས་སྣ་མི་གཅིག་པའི་དབང་གིས་གླ་ཕོགས་ཀྱང་སྒོར4500ནས6000བར་མི་འདྲ་བས། སྔོན་ཆད་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པའི་སྡེ་མིས་རང་ཚང་གི་སྒོ་ཁ་ནས་སྒོར་མོ་བཙལ་བར་མ་ཟད། ལོ་མཇུག་ཏུ་ད་རུང་ཐོབ་ཆ་བགོ་རྒྱུ་ཡོད”ཟེར།
དེའི་མི་ཚད་སྡེ་མི་སྔར་ལས་མང་པོར་ལག་རྩལ་ཞིག་འབྱོར་ཆེད། གུང་ཧོ་རྫོང་ལས་ཞུགས་སྡེ་ཁག་གིས་རིན་མ་བླངས་པར་སྡེ་དམངས་རྣམས་ལ་ལག་རྩལ་ལས་རྐང་གི་གསོ་སྦྱོང་འདོན་སྤྲོད་བྱས་པས། སྡེ་དམངས་མི་ཉུང་བ་ཞིག་གིས་ས་འདེད་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར། འདེགས་འབེབས་འཕྲུལ་འཁོར་སོགས་འཕྲུལ་ཆས་བཀོལ་སྤྱོད་ཀྱི་ལས་རྐང་འཛིན་ཡིག་བླངས་ཤིང་། གཡོས་སྦྱོར་གསོ་སྦྱོང་སྐོར་གྱི་སྦྱོང་བརྡར་བྱས་པ་བརྒྱུད་དེ་མི་ཁ་ཤས་ཤིག་གིས་སྡེ་བའི་ནང་དུ་ཟ་ཁང་ཕྱེས་ནས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། རྨོག་དབུས་སྡེ་བས་ད་རུང་རྒྱལ་ལམ109ལ་བརྟེན་ནས“གཞུང་ལམ་དཔལ་འབྱོར”འཕེལ་རྒྱས་སུ་གཏོང་ཅི་ཐུབ་བྱས་པ་རེད། མིག་སྔར། གུང་ཧོ་རྫོང་དབུལ་སྐྱོར་ཅུས་ཀྱིས་འཕེལ་རྒྱས་མ་དངུལ་བཏང་ནས། རྒྱལ་ལམ109ཡི་འགྲམ་རྒྱུད་དུ་འཛུགས་སྐྲུན་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ1069.2ཀྱི་སྒྲོམ་གཞི་ཡོད་པའི་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་ཚོང་ལས་ཁུལ་འཛུགས་སྐྲུན་བྱེད་པ་ལེགས་འགྲུབ་བྱུང་བར་མ་ཟད། རྨོག་དབུས་སྡེ་བར་སྤྲད་དེ་གཙོ་བོ་བཟའ་བཏུང་དང་ཞག་སྡོད། ཚོང་ཁང་དང་རླངས་འཁོར་ཞིག་གསོ་སོགས་ཀྱི་བྱ་བ་གཉེར་གྱིན་འདུག
ཐུན་མོང་དཔལ་འབྱོར་དེ་འབྲེལ་ཐག་བྱས་ཏེ། རྨོག་དབུས་སྡེ་བས་སྡེ་དམངས་ཀྱི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུ་བྱས། འབྱོར་བ་ཇེ་ལེགས་སུ་ཕྱིན་ན་ད་གཟོད་མཛེས་པའི་ཡུལ་གྲོང་སྐྲུན་པར་སྔར་ལས་གདེང་ཚོད་ཡོད། ད་ལྟའི་རྨོག་དབུས་སྡེ་བའི་ག་ས་གང་དུ་སྔོ་ལྗང་ལྗང་དུ་གནས་ལ། ཨར་འདམ་གྱི་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད་པས། མཐོང་ཡུལ་ཡོད་ཚད་མཛེས་ལྗོངས་སུ་སྣང་། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།