མདོ་ལུ་རྡོ་ཁ་སྡེ་བའི་མི་བཟང་།བདེ་ལེགས་རབ་བརྟན།
2020.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཡངས་པའི་རྩྭ་ཐང་ཆེན་མོའི་ཁོང་གསེང་གི་རི་ལྗང་ཆུ་དྭངས་ཀྱི་གནས་སུ་ཆགས་པའི་མགོ་ལོག་ཁུལ་དགའ་བདེ་རྫོང་མདོ་ལུ་རྡོ་ཁའི་གནས་སྤོར་བཀོད་སྒྲིག་ས་ཁུལ་དུ།  བདེ་ལེགས་རབ་བརྟན་ཟེར་བའི་མི་བཟང་ཞིག་ཡོད་པར་ཐོས་ལ། ཁོས་ལྷག་བསམ་དཀར་པོའི་བགྱི་བ་དེས་ང་ཚོའི་ཡིད་སེམས་རབ་ཏུ་དྲངས་པས་ང་ཚོར་ཁོ་དང་མྱུར་དུ་མཇལ་འདོད་ཀྱི་འདུན་པ་ཞིག་དབང་མེད་དུ་སྐྱེས་བྱུང་།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མགོ་ལོག་ཁུལ་དགའ་བདེ་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་སྐར་མ་བཞི་བཅུ་ལྷག་གི་ལམ་ཐག་བརྒྱུད་རྗེས། ཁོ་ཆུ་གཙང་བོའི་འགྲམ་རྒྱུད་དུ་སྡེ་བ་གསར་བ་ཞིག་མིག་ལ་སྣང་ཞིང་།  སྡེ་བ་དེ་ལྗང་མདོག་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་དང་མཉམ་དུ་ལྷོད་ཀྱིས་ཆགས་པས་མི་རྣམས་ཀྱི་སེམས་སུ་སྐྱིད་པའི་ཚོར་སྣང་ཞིག་དབང་མེད་དུ་སྟེར།

འདི་ནི་ང་ཚོ་ཡུལ་ཚོའི་མདོ་ལུ་རྡོ་ཁ་གནས་སྤོར་སྡེ་བ་ཡིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་སྨད་མ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ལས་རབ་ཀྱིས་ང་ཚོར་དེ་ལྟར་མཚམས་སྦྱོར་བྱས་བྱུང་།  ཁོས་གནས་སྤོར་སྡེ་བ་དེའི་གནས་ཚུལ་སྐོར་བཤད་དུས། སྔོན་ཆད་རྫོང་མཁར་དང་སྤྱི་ལེ་ཉེར་བདུན་ཡོད་པའི་སྡེ་བ་དེའི་ཁོར་ཡུག་དང་འགྲིམ་འགྲུལ། སྨན་པར་སྟོན་པ་སོགས་རྒྱུན་ལྡན་གྱི་འཚོ་བའི་བཀག་རྒྱའི་དབང་གིས་ས་གནས་དེའི་མི་དམངས་མང་ཚོགས་ཀྱི་མཇེས་སྡུག་གི་འཚོ་བའི་དགོས་མཁོ་དེ་བསྐང་ཐུབ་ཀྱི་མེད་སྟབས་གནས་སྤོར་མི་བྱེད་ཐབས་མེད་དུ་གྱུར་ཡོད།

དེ་ནས་དཀའ་ངལ་མང་པོ་བརྒྱུད་དེ། གོང་མ་སྨད་མ་ཡུལ་ཚོའི་བྲག་ཞོལ་སོགས་སྲིད་འཛིན་སྡེ་བ་བཞི་མདོ་ལུ་རྡོ་ཁའི་ཐང་དུ་གནས་སྤར་ནས་ཡོང་བ་རེད།

ཁྱོད་ཀྱིས་ལྟོས་དང་། ད་ལྟའི་ཁོར་ཡུག་ཇི་འདྲའི་མཛེས་པའང་།  ལས་རབ་ཀྱི་མཛུབ་མོ་ཀེར་ཕྱོགས་སུ་བལྟས་ཚེ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་རེ་རེ་གཞུང་ལམ་གྱི་འགྲམ་གཉིས་སུ་ལྟར་ཕྲེང་དུ་བསྒྲིགས་འདུག་ཅིང་། ཁང་པ་རེ་རེའི་སྟེང་དུ་བོད་ལུགས་ཀྱི་རི་མོ་སྣ་ཚོགས་ཀྱིས་བརྒྱན་འདུག གནས་སྤོར་སྡོད་ཁུལ་དེའི་རྨིད་བཞི་བརྒྱ་ཡོད་པའི་རིག་གནས་ཐང་ཆེན་དུ་ལྒང་ལི་རྩེ་ས་དང་ལུས་རྩལ་སྦྱང་ས་སོགས་ཡོད་པས་མཐོ་སྒང་གི་གནས་སྤོར་སྡོད་ཁུལ་དང་མཁར་གྲོང་གི་སྡོད་དམངས་ཀྱི་འཚོ་གནས་ལ་ཁྱད་པར་ཅི་ཡང་མི་འདུག གལ་སྲིད་ཁོ་ཚོའི་སྔོན་ཆད་ཀྱི་འཚོ་བའི་ཁོར་ཡུག་དང་བསྡུར་ཚེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་ཡུལ་དེའི་མི་རྣམས་ཀྱི་གདོང་ལ་དགའ་སྐྱིད་དང་སྤྲོ་དགའི་འཛུམ་མདངས་ཀྱིས་ཁེངས་འདུག

རེད་ཡ། སྔོན་ཆད་ང་ཚོས་ཁོའི་ཁ་ལ་ཉན་པ་འགྲིག་འདུག  གནས་སྤར་ནས་ཡོང་བའི་སྡེ་མི་རྣམས་ལ་མཚོན་ནས་བཤད་ན། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་ཞིག་ཡོད་པ་ནི་མི་རྣམས་ཀྱིས་བསྟོད་བསྔགས་བྱེད་བཞིན་པའི་ང་ཚོ་སྡེ་བའི་མི་བཟང་སྟེ་བདེ་ལེགས་རབ་བརྟན་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན།

སྡེ་མི་བྱམས་མཆོག་ནི་མི་རབས་ནས་མི་རབས་སུ་ཕྱུགས་ཟོག་འཚོ་སྐྱོང་བྱས་ནས་འཚོ་བ་རོལ་མཁན་ཞིག་ཡིན་པས་རུ་བ་སྤར་ནས་སྦྲ་གུར་ནང་དུ་འདུག་རྒྱུའི་འཚོ་བར་གོམས་ལོབས་སུ་སོང་ཡོད་པ་ཞིག་རེད།

ཁོས་ཐོག་དང་པོར་རི་མགོ་ནས་རི་འདབས་སུ་གནས་སྤོར་དགོས་པའི་གནས་ཚུལ་ཤེས་སྐབས། བསམ་འཆར་ཧ་ཅང་ཆེ་ཞིང་གནས་སྤར་འདོད་གཏན་ནས་མེད། རྒྱུ་མཚན་ནི་རི་མགོ་ནས་རུ་འདབས་སུ་གནས་སྤར་རྗེས་སུ་ཕྱུགས་ཟོག་ཇི་ལྟར་འཚོ་སྐྱོང་བྱེད་དགོས་སམ། ཕྱུགས་མ་འཚོས་ན་འཚོ་བ་ཇི་ལྟར་རོལ་དགོས་སམ། འདི་དག་ནི་ཁོས་སེམས་ཁྲལ་བྱེད་ས་གཙོ་བོ་རེད།  སྐབས་དེར་སྡེ་བའི་ནང་གི་སྡེ་མི་མང་པོ་ཞིག་ཀྱང་བྱམས་མཆོག་དང་འདྲ་བར་གནས་སྤོར་བར་ཡིད་འཐད་གཏན་ནས་མ་བྱུང་བས་གནས་སྤོར་བྱ་བ་མགོ་རྩོམ་པར་དཀའ་ཁག་ཆེན་པོར་འཕྲད།

སྐབས་དེར་སྡེ་བ་ཡོངས་ནས་བདེ་ལེགས་རབ་བརྟན་ཚང་ཁོ་ན་གནས་སྤར་བ་རེད།  དེར་མ་ཟད་བདེ་ལེགས་རབ་བརྟན་གྱིས་ད་དུང་འབྲོག་པ་གཞན་ལ་བསམ་བློའི་སློབ་གསོ་བཏང་བ་རེད། བྱམས་མཆོག་གིས་བཤད་རྒྱུར། བདེ་ལེགས་རབ་བརྟན་ཁྱིམ་ཚང་རེ་རེར་སོང་ནས་སྡེ་མི་རྣམས་ཀྱི་སེམས་ཁྲལ་སྣ་ཚོགས་སེལ་ཅི་ཐུབ་བྱས་པར་མ་ཟད། ད་དུང་རང་ཉིད་ཀྱི་ནོར་ལུག་སྡེ་བའི་མཉམ་ལས་ཁང་གི་མ་རྐང་དུ་འཇོག་རྒྱུར་ཡིད་འཐད་བྱུང་བ་དང་། རང་ཉིད་མདོ་ལུ་རྡོ་ཁའི་གནས་སྤོར་བཀོད་སྒྲིག་ས་ཁུལ་དུ་སོང་རྗེས།  ཡུལ་ཚོ་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་དུ་ཞུགས་རྒྱུའི་རེ་འདུན་ཞུས་ཏེ། ཁོས་སློབ་སྦྱོང་བྱས་པ་བརྒྱུད་ནས་རྩལ་ནུས་གསར་བར་བརྟེན་ནས་འཚོ་བ་གསར་བར་བརྩོན་ལེན་བྱེད་བཞིན་ཡོད།

སྐབས་དེར་ང་ཚོ་ཚང་མས་བདེ་ལེགས་རབ་བརྟན་གྱིས་རང་གི་འཚོ་ལམ་བཅད་སོང་བར་སྙམ། ཡིན་ནའང་བྱམས་མཆོག་གི་ཡིད་ལའང་མ་དྲན་པ་ཞིག་ནི། བདེ་ལེགས་རབ་བརྟན་གྱིས་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་ཆེད་དུ། ཁོས་རང་འགུལ་སྒོས་དྲིལ་སྒྲོག་མཁན་གྱི་བྱ་བ་དང་ལེན་བྱས། ང་རང་ལ་མཚོན་ན་ཁོས་ཐོག་དང་པོར་སྐུལ་སློང་བྱེད་ཡུལ་ཡིན། དེ་ལྟར་བཤད་དུས་བྱམས་མཆོག་གི་མིག་མདངས་ལས་བདེ་ལེགས་རབ་བརྟན་ལ་བཀའ་དྲིན་ཞུ་བའི་མདངས་ཤིག་ངང་གིས་མངོན་འདུག  ཉིན་དེ་དག་གི་རིང་ལ་བདེ་ལེགས་རབ་བརྟན་ལ་སུན་སྣང་ཅི་ཡང་མེད་པར་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས། ནོར་ལུག་མཉམ་ལས་ཁང་དུ་མ་རྐང་དུ་བཞག་ན་ལོ་མཇུག་ཏུ་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། གནས་སྤོར་བྱས་རྗེས་སུ་བྱིས་པ་སློབ་གྲྭར་བསྐྱལ་བ་དང་ནད་པ་སྨན་ཁང་དུ་སྟོན་པར་སྟབས་བདེ་བ། རྩལ་ནུས་གསར་བ་སློབ་སྦྱོང་བྱས་ནས་ལས་ཀ་བྱེད་པ། དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་ལས་ཞུགས་གསར་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས་ཁོས་མང་ཚོགས་རྣམས་ལ་གོ་བསྐོན་གསེད་འགྲོལ་མང་དུ་བྱས་པ་རེད་ཅེས་བྱམས་མཆོག་གིས་མུ་མཐུད་དུ་བཤད།

རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་དང་འཚོ་བའི་སྤུས་ཚད་ཇི་ལྟར་མཐོར་འདེགས་འབྱུང་བའི་བར་གྱི་གནས་ཚུལ་ཚང་མ་བདེ་ལེགས་རབ་བརྟན་གྱིས་གསེད་འགྲོལ་ཡང་དག་བྱས་པར་བརྟེན་སྡེ་མི་རྣམས་ཀྱིས་གསལ་བོར་རྟོགས་སོང་།  སྔོན་ཆད་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་རྩྭ་ཐང་ནས་འཚོ་བ་རོལ་བའི་རྣམ་པ་དེ་བསྒྱུར་ཆོག་ལ་ཕྱུགས་རིགས་འཚོ་སྐྱོང་བྱེད་པ་དེ་འཚོ་ཐབས་ཉག་གཅིག་མིན། ཡུལ་གཞན་དུ་གནས་སྤོར་བ་དང་མ་རྐང་བཞག་ནས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་ན། རང་ཉིད་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏང་ཐུབ་པར་མ་ཟད། སློབ་གསོ་དང་སྨན་བཅོས་ལ་འགན་སྲུང་བྱེད་ཐུབ་ཅིང་། ད་དུང་རང་ཉིད་ལ་བརྩོན་པ་ཡོད་ན་ཞོར་ལས་སྣ་ཚོགས་གཉེར་ནས་ཡོང་འབབ་མང་པོ་ལེན་ཐུབ་པས་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་ཐུབ་པ་སོགས་ཀྱི་ཡང་དག་པའི་གནས་ལུགས་མང་དུ་བཤད་མཐར། བདེ་ལེགས་རབ་བརྟན་གྱི་སློབ་གསོའི་ཤུགས་རྐྱེན་ལ་བརྟེན་ནས་སྡེ་བ་དེའི་ཁྱིམ་ཚང་རེ་བརྒྱད་སྔ་གཞུག་ཏུ་མདོ་ལུ་རྡོ་ཁར་གནས་སྤར་བ་རེད།

གནས་སྤར་རྗེས་སུ་ཇི་ལྟར་བདེ་ལ་བབས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་དེ་ནི་གནས་སྤོར་བྱ་བ་ལག་བསྟར་བྱས་རྗེས་སུ་འཕྲད་པའི་གནད་དོན་ཞིག་རེད། བདེ་ལེགས་རབ་བརྟན་གྱིས་གསལ་བོར་རྟོགས་པ་ཞིག་ནི། རང་ཉིད་ཀྱིས་འབད་འབུངས་བྱས་ན་འཚོ་བར་བདེ་སྐྱིད་ལྡན་ཐུབ་པ་དེ་རེད། བདེ་ལེགས་རབ་བརྟན་གྱིས་རྟོག་ཞིབ་བྱས་མཐར་གསལ་བོར་ཤེས་པ་ནི་སྡེ་བའི་ནང་གི་ན་གཞོན་རྣམས་ཀྱིས་ནམ་ཡང་དབུལ་སྐྱོར་སྲིད་ཇུས་ལ་བསྒུག་ཡོད་པ་དང་རྩྭ་སའི་ཁ་གསབ་དང་ནགས་རའི་ཁ་གསབ། མཉམ་ལས་ཁང་གིས་བགོ་བཤའ་རྒྱག་པ་བཅས་ལ་བརྟེན་ནས་འཚོ་བ་རོལ་འདོད་པ་དང་། དབུལ་སྐྱོར་ལས་བྱེད་པ་མཐོང་ཐེངས་རེར་སྒོར་མོ་སློང་གིན་ཡོད་པ་རེད།

ཁོ་རང་ཡང་སྔོན་ཆད་མི་དེ་ལྟ་བུ་ཞིག་ཡིན། ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  བདེ་ལེགས་རབ་བརྟན་གྱིས་ཁོའི་འགྲམ་གྱི་ལག་རོགས་པ་ལྷ་བྷོ་སྟོན་བཞིན་དེ་ལྟར་བཤད། ཁོས་མུ་མཐུད་དུ། གནས་འདིའི་མི་རྣམས་ཕྱུགས་འཚོས་ཏེ་འཚོ་བ་རོལ་རྒྱུར་ལོབས་ཡོད་པས་ཞོར་ལས་གཉེར་བའི་བྱ་བ་དེ་དང་ལེན་བྱེད་མི་ཐུབ། དེ་བས་ང་རང་ཉིད་ཀྱིས་སྔོན་ལ་ཞོར་ལས་གཉེར་ནས་ཁོ་ཚོར་མིག་དཔེ་བསྟན་པ་ཡིན།  འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱེད་པར་ཅི་ཡང་མ་ལས་པར་བསྡད་ན་མི་ཆོག་ཟེར།

གནས་སྤར་རྗེས་སུ་བདེ་ལེགས་རབ་བརྟན་གྱིས་སྔ་གཞུག་ཏུ་ས་སློག་འཕྲུལ་འཁོར་བསྐོར་བ་སོགས་རྩལ་ནུས་གསོ་སྦྱོང་སྐོར་ཞིག་ལ་མིང་ཐོ་བཀོད་ཅིང་། རྩལ་ནུས་གསོ་སྦྱོང་གི་ལག་རྟགས་བླངས་ཡོད་པའི་བདེ་ལེགས་རབ་བརྟན་གྱིས་ཉིས་སྟོང་བཅོ་བརྒྱད་ལོར། ས་སློག་འཕྲུལ་འཁོར་བསྐོར་ནས་སྒོར་མོ་ཁྲི་བཞི་དང་སྟོང་ལྔ་བཙལ་བ་དང་། མི་འགྱངས་པར་མདོ་ལུ་རྡོ་ཁའི་གནས་སྤོར་ས་ཁུལ་དུ་ཟ་ཁང་ཆུང་ཆུང་ཞིག་ཕྱེས། དེས་ལོ་གཅིག་མ་འགོར་བར་སྒོར་མོ་ཁྲི་གཉིས་བཙལ། ཡོང་སྒོ་དེ་དག་གི་སྟེང་དུ་དབྱར་རྩྭ་དགུན་འབུ་བརྐོ་བ་དང་སྡེ་བའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བགོ་བཤའ་བཅས་བསྣན་ཚེ་ལོ་གཅིག་གི་ཡོང་འབབ་སྒོར་མོ་ཁྲི་བདུན་ལ་བུད།

གནས་ཚུལ་དེ་དག་མཐོང་རྗེས་སུ་སྡེ་མི་གཞན་དག་རྣམས་ལའང་ཞོར་ལས་གཉེར་རྒྱུའི་འདུན་པ་ཆེ་རུ་ཕྱིན། སྡེ་བའི་ནང་གི་གསར་བུ་ལྷ་བྷོ་ཟེར་བ་དེ་ཆེད་དུ་བདེ་ལེགས་རབ་བརྟན་གྱི་ཁྱིམ་དུ་ཡོང་ནས་ཁོ་རང་དགེ་རྒན་དུ་བསྟེན་དེ་ས་སློག་འཕྲུལ་འཁོར་བསྐོར་བའི་ལག་རྩལ་སྦྱངས། དེར་མ་ཟད་སྡེ་བའི་ནང་གི་ན་གཞོན་འགའ་ཡིས་ཆེད་དུ་བདེ་ལེགས་རབ་བརྟན་གདན་ཞུ་བྱས་ནས་ཚོང་ལས་གཉེར་བའི་ཉམས་མྱོང་སྐོར་ནས་ཁ་བརྡ་བྱེད་དུ་བཅུག ཅུང་མ་འགོར་བར་མདོ་ལུ་རྡོ་ཁའི་སྡེ་མི་རྣམས་ཀྱིས་དུས་རྒྱུན་བསྒུག་བརྟེན་སློང་གསུམ་བྱེད་པའི་བསམ་བློ་དེ་གཞི་ནས་མེད་པར་གྱུར། བདེ་ལེགས་རབ་བརྟན་གྱིས་སྐྱེད་སྲིང་བྱས་པའི་ས་སློག་འཕྲུལ་ཆས་ཀྱི་ཁ་ལོ་པ་དང་སྟབས་བདེ་ཁང་པ་ལས་མཁན། ཁངས་པའི་ཕྱི་ནང་ལ་རྒྱན་སྤྲོས་བྱེད་མཁན་གྱི་ལག་རྩལ་པ་དེ་དག་ད་ལྟ་རང་རང་གི་ས་ནས་སྦྱིན་བདག་ཆུང་ཆུང་རེ་ཆགས་ཡོད་པ་རེད།  ད་དུང་བདེ་ལེགས་རབ་བརྟན་གྱི་སྣེ་ཁྲིད་དང་རོགས་སྐྱོར་འོག ཟ་ཁང་གཉེར་བ་དང་སིལ་ཏོག་དང་སྔོ་ཚལ་བཙོང་ནས་ཚོང་ལས་གཉེར་མཁན་གྱི་མི་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལྟ་མདོ་ལུ་རྡོ་ཁ་སྡེ་བ་ནི་དགའ་བདེ་རྫོང་གི་ལས་རིགས་གསར་སྐྲུན་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྡེ་བ་གྲགས་ཅན་ཞིག་ཏུ་གྱུར་ཏེ། རང་ཉིད་འབྱོར་འབྲིང་འཚོ་བར་བསྐྱོད་པའི་འདུན་པ་དེ་འགུལ་སྐྱོད་ཀྱི་གོམ་སྟབས་རེ་རེ་ལ་བརྟེན་ནས་མངོན་འགྱུར་བྱས་ཡོད།

སྡེ་མི་རྣམས་ཀྱི་དོན་དག་ཆུང་ཆུང་དེ་དག་ཀྱང་བདེ་ལེགས་རབ་བརྟན་གྱིས་ནམ་ཡང་དོན་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཉེ་བའི་ལོ་འགའི་སྔོན་དུ་སྡེ་མི་རྣམས་ཀྱིས་བདེ་ལེགས་རབ་བརྟན་སྡེ་བའི་ཉེན་རྟོག་པར་བདམས་པ་རེད། སྐབས་དེར་བདེ་ལེགས་རབ་བརྟན་གྱིས་བྱ་བ་དེ་ལེགས་པོར་བསྒྲུབ་དགོས་ན་ངེས་པར་དུ་སེམས་ཞིབ་མོ་དང་འགན་འཁྲི་ཡོད་དགོས་པར་མ་ཟད། འགལ་བ་སྣ་ཚོགས་འདུམ་སྒྲིག་བྱེད་པ་དང་སྡེ་བའི་བདེ་འཇགས་སྲུང་སྐྱོང་བྱས་ནས། སྡེ་མི་རྣམས་ལ་དོན་དངོས་ཇི་ལྟར་བསྒྲུབ་དགོས་པའི་སྐོར་ལ་བསམ་བློ་བཏང་།

ཐེངས་ཤིག་ལ་བདེ་ལེགས་རབ་བརྟན་ལ་ཁོ་ཚོ་སྡེ་བའི་རྒན་པོ་བསོད་རྡོ་ཡིས་བྲེལ་མྱུར་སྒོས་ཁ་པར་བཏང་བྱུང་།  བསོད་རྡོའི་ཁ་པར་ལས་ཁོ་ཚང་གི་ཁྱིམ་དུ་མི་ཆ་མེད་གཉིས་ཐོན་བྱུང་བ་དང་། སྐད་ཆར་ཉན་ན་ཕྱི་ལོགས་ཀྱིས་ཡིན་པ་འདྲ།  མི་དེ་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་ཉོ་བར་ཁ་གཡར་ནས་ཁྱིམ་དུ་ཡོང་བ་ཡིན་ཞིང་། འགྲོ་ཁར་དབྱར་རྩྭ་དགུན་འབུ་སྲང་བཞི་བརྐུས་སོང་བའི་གནས་ཚུལ་སྐོར་བཤད་བྱུང་། དོན་དག་དེ་གོ་རྗེས་བདེ་ལེགས་རབ་བརྟན་གྱིས་མྱུར་དུ་ཡུལ་ཚོའི་མངག་གཏོང་ཁང་ལ་ཁ་པར་བཏང་བར་མ་ཟད། ཁོས་རླངས་འཁོར་བསྐོར་ནས་མངག་གཏོང་ཁང་གི་མི་སྣར་རམ་འདེགས་བྱས་ནས་མི་དེ་གཉིས་བཙལ། བརྙན་མིག་བརྒྱུད་ནས་བཙལ་བས་དུས་ཚོད་གཅིག་མ་འགོར་བར་ཕྱི་ལོགས་ཀྱི་མི་དེ་གཉིས་དགའ་བདེ་དང་དར་ལག་རྫོང་གཉིས་ཀྱི་འབྲེལ་མཚམས་ནས་འཛིན་བཟུང་བྱེད་ཐུབ་པ་བྱུང་། འདྲི་རྟོག་བྱས་པ་བརྒྱུད་མི་དེ་གཉིས་ཀྱིས་རྐུན་གྲོགས་གཞན་གསུམ་ཀྱང་འདོན་སྤྲོད་བྱས་ཤིང་། དེའི་ཁྲོད་ཀྱི་མི་གཅིག་ནི་འཛིན་བཟུང་བཀའ་རྒྱ་བཏང་ཡོད་མཁན་ཞིག་རེད།

མདོ་ལུ་རྡོ་ཁ་སྡེ་བའི་མི་བཟང་བདེ་ལེགས་རབ་བརྟན་གྱིས་སྡེ་བའི་བྱ་བ་ཡོད་ཚད་དུས་དང་རྣམ་པ་ཀུན་དུ་རང་ཁྱིམ་གྱི་བྱ་བ་ལྟར་བརྩི་བཞིན་ཡོད་པ་དང་། ལོ་གཅིག་གི་དུས་ཚིགས་བཞི་བོར་ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་མདོ་ལུ་རྡོ་ཁ་སྡེ་བའི་མི་རྣམས་ལ་བརྩེ་སེམས་དང་དྲོད་སྐྱིད་སྐྱེལ་བཞིན་ཡོད།

                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།