“ང་ཚོས‘ཐོག་མའི་བསམ་འདུན་མི་བརྗེད་པར’ཟེར་གྱིན་ཡོད། ཐོག་མའི་བསམ་འདུན་གྱི་ཡང་སྙིང་ཅི་ཞིག་ཡིན་ནམ།
འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཞང་ཏང་ཨུ་ཡིས་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་སྐབས། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡང་ཅན་ཅོན་གྱིས་ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་བཏོན་པའི“རྒྱུགས་གཞི”ཞིག་རེད།
ཐོག་མའི་བསམ་འདུན་མ་བརྗེད་ན་ད་གཟོད་དམངས་སེམས་ཐོབ་ཐུབ། ཉེ་བའི་ལོ་འགའི་རིང་ལ། རྩེ་ཁོག་རྫོང་ཏང་ཨུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཤུགས་ཚད་ལ་བརྟེན་ནས། གཟབ་ནན་སྒོས་འགན་འཁྲི་གཙོ་བོ་དངོས་འབེབ་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་དང་བྱ་བ་སྒྲུབ་ཕོད་པ། དོན་དངོས་སྒྲུབ་ཕོད་པ་བཅས་ཀྱི་ལས་བྱེད་པ་ཁག་ཅིག་གསོ་སྐྱོང་བྱས་ཡོད་ལ། དམངས་ཕན་བྱེད་ཐབས་རེ་རེ་དང་བྱམས་བརྩེའི་ཞབས་ཞུ་རེ་རེ། ཚད་ལྡན་གྱི་བྱེད་ཐབས་རེ་རེ་བརྒྱུད་ནས་ཏང་གི་དྲོད་འཁོལ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་སྐྱེལ་བཞིན་ཡོད།
“ཏང་རྟགས་བཏགས་རྗེས་ཁྱེད་ཚོ་ཏང་ཡོན་ངོ་མ་ཡིན། རང་ཉིད་ཀྱི་ཏང་ཡོན་གྱི་ཐོབ་ཐང་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ལ་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་གཏམ་སྤྱོད་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱ་དགོས་ལ། ཧུར་ཐག་གིས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཟླ་བརྒྱད་པའི་བོན་བརྒྱ་རྩྭ་ཐང་ནི་ནམ་གཤིས་བཟང་ལ་རྩྭ་ཆུ་མོད་པ་ཞིག་རེད། ཡུལ་ཚོ་ནང་གི་ད་ལོ་ཏང་ནང་ཞུགས་འདོད་ཆེ་བའི་མི་སྣ་བཅུ་གསུམ་དང་གྲ་སྒྲིག་ཏང་ཡོན་བཅུ་གཉིས་མཉམ་དུ་བསྡད་ནས་ཧྲུའུ་ཅི་ཡང་གི་མངགས་བཅོལ་ལ་ཉན་བཞིན་ཡོད།
ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཚང་མས་སྲིད་ཏང་ཞིག་གི་གཟུགས་བརྙན་དང་ཤུགས་རྐྱེན་མཚོན་གྱིན་ཡོད། བོན་བརྒྱ་ཡུལ་ཚོའི་ཏང་ཨུ་ཡིས“སྐོར་སྐྱོད་ཏང་གི་སློབ་གྲྭ”དང་འབྲོག་པའི་ཏང་ཡོན་དགུན་དཔྱིད་གསོ་སྦྱོང་བྱས་ཏེ། ཏང་ཡོན་གྱི་སློབ་གསོར་དམ་འཛིན་ནན་མོ་བྱས་ནས། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པར་ཁག་ཐེག་བྱས།
བོན་བརྒྱ་ཡུལ་ཚོ་ལ་སྡེ་བ་བཞི་ལས་མེད་ཀྱང་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་རྐྱེན་གྱིས་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་ལ། ཏང་ཡོན་རྣམས་རྒྱུན་དུ་གཅིག་ཏུ་བསྡུས་ཏེ་ཏང་ནང་གི་འཚོ་བ་རོལ་ཐབས་མེད། དེར་བརྟེན་བོན་བརྒྱ་ཡུལ་ཚོའི་ཏང་ཨུ་ཡིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“སྐོར་སྐྱོད་ཏང་གི་སློབ་གྲྭ”བཙུགས་ནས། ཕྱུགས་འཚོ་བའི་དུས་ཚིགས་དང་འབྲོག་པའི་སྡོད་གནས། ཏང་ཡོན་གྱི་གྲངས་ཀ་སོགས་ལ་གཞིགས་ནས་གཅིག་བསྡུས་སྒྲོག་འགྲེལ་དང་སྐད་གཉིས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་ཡོད། ཏང་ཡོན་གཅིག་བསྡུས་བྱེད་གནས་སུ་ཟབ་ཞུགས་བྱས་ཏེ་འབྲོག་པ་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང་དང་། ཏང་ཞུགས་ཧུར་བརྩོན་ཅན་གསོ་སྦྱོང་། ཆེད་དོན་ཏང་གི་སློབ་ཚན། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་ཏང་ནང་གི་བྱ་འགུལ་སྤེལ་བཞིན་ཡོད།
“ང་ནི་ད་ལོ་སྡེ་བའི་ནང་གསར་དུ་ཏང་ནང་ཞུགས་འདོད་ཆེ་བའི་མི་སྣ་ཧུར་བརྩོན་ཅན་ཞིག་ཡིན་ལ། མ་གཞི་དུས་རྒྱུན་དུ་ཏང་ནང་གི་འཚོ་བར་ཞུགས་དགོས་པ་དང་ཏང་གཤིས་སློབ་གསོ་དང་ལེན་བྱ་དགོས། འོན་ཀྱང་། དབྱར་ཁར་ཕྱུགས་འཚོ་དགོས་པས། ཕྱུགས་འཚོ་ས་ནས་བྱ་འགུལ་ཁང་དང་ཡུལ་ཚོའི་ཏང་ཨུའི་བར་ཐག་ཧ་ཅང་རིང་བས། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་པར་ཧ་ཅང་སྟབས་བདེ་མ་རེད། ཡིན་ནའང་ད་ལྟ‘སྐོར་སྐྱོད་ཏང་གི་སློབ་གྲྭ’བཙུགས་ཡོད་པས། འཕྲུལ་རྟར་ཞོན་ནས་སྐར་མ་ཉི་ཤུ་ཙམ་ལ་བསྐྱོད་ན་སློབ་ཁྲིད་བྱེད་གནས་སུ་སླེབས་ཐུབ་པ་དང་། ཧ་ལམ་ཟླ་རེར་ཏང་ནང་གི་བྱ་འགུལ་ལ་ཞུགས་ཐུབ་པ་དང་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་སྦྱོང་བྱེད་ཐུབ་པས། ངོ་མ་སྟབས་བདེ་རེད་ཅེས་ཏང་ནང་ཞུགས་འདོད་ཆེ་བའི་མི་སྣ་ཧུར་བརྩོན་ཅན་པད་མ་ཡིས་དེ་ལྟར་བཤད།
“‘སྐོར་སྐྱོད་ཏང་གི་སློབ་གྲྭ’བཙུགས་པས་ཏང་ཡོན་གྱི་སློབ་གསོ་བྱ་ཡུལ་རྩྭ་ཐང་དུ་གནས་སྤོས། ང་ཚོ་བྱ་འགུལ་ཁང་གི་ཉེ་འགྲམ་དུ་མི་སྡོད་པའི་འབྲོག་པ་ཏང་ཡོན་ཡང་ཏང་ཡོན་གསོ་སྦྱོང་དང་ཏང་ནང་ཁུལ་གྱི་བྱ་འགུལ་ནང་ཞུགས་ཐུབ་པ་བྱུང་བ་དེས་ང་ཚོ་འབྲོག་པའི་ཏང་ཡོན་གྱི་ཏང་གཤིས་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ང་ཚོས་ཏང་ཡོན་གྱི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། ཀྲི་པུའུ་ཡི་བཙན་རྫོང་སྲ་བརྟན་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བོན་བརྒྱ་ཡུལ་ཚོའི་རྩ་འཛུགས་ཨུ་ཡོན་རིན་ཆེན་རྡོ་རྗེ་ཡིས་དེ་ལྟར་བཤད།
འབྲོག་པ་མང་ཚོགས་ཏང་ནང་དུ་ཞུགས་རྒྱུའི་འདུན་པ་སྔར་བས་ཆེ་རུ་སོང་ཡོད་པ་དང་། འབྲོག་པ་ཏང་ཡོན་བྱ་འགུལ་ནང་ཞུགས་པ་སྔར་བས་ཚད་ལྡན་དུ་སོང་ཡོད། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད་ལ། “སྐོར་སྐྱོད་ཏང་གི་སློབ་གྲྭ”བོན་བརྒྱ་ཡུལ་ཚོའི་འབྲོག་པ་ཏང་ཡོན་གྱི་སྐོར་སྐྱོད་སློབ་ཁང་དང་སྐོར་སྐྱོད་བྱ་འགུལ་ཁང་དུ་གྱུར་ཡོད་པ་མ་ཟད། རྩེ་ཁོག་རྫོང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་། ཏང་ནང་ཁུལ་གྱི་འཚོ་བ་ཚད་ལྡན་དུ་གཏོང་བ། ཏང་ཡོན་གྱི་སྟོབས་ཤུགས་གོང་བུར་འགྲིལ་བ། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་སྟོན་དུ་གྱུར་ཡོད།
ཏང་ཡོན་ལས་བྱེད་པས་དཔེ་སྟོན་བྱས་པས། དམངས་ཕན་ཞབས་ཞུར་བར་ཐག་མེད་པར་གྱུར།
བོན་བརྒྱ་ཡུལ་ཚོ་སྲིད་གཞུང་གི་དཔལ་འབྱོར་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་པ་ན། ཀྲུའུ་རིན་གཞོན་པ་རྡོ་རྗེ་སྒྲོལ་མས་གློག་ཀླད་ཀྱི་བརྙན་ཤེལ་མདུན་དུ་རང་ཉིད་ཀྱི་ལས་ཀར་བྲེལ་བཞིན་འདུག་ལ། ཅུང་མ་འགོར་བར་མཐུན་སྒྲིལ་སྡེ་བའི་སྡེ་མི་ཟོན་ཐར་རྒྱལ་ལ་ལས་སྒོ་སྒྲུབ་ཚར་བ་རེད།
“དེ་སྔོན་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་གི་བྱ་བ་སྒྲུབ་སྐབས་ད་དུང་རྫོང་དུ་དཔྱད་གཞིའི་ཡིག་ཆ་སྐྱེལ་བར་འགྲོ་དགོས། ད་ལྟ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ཡོད་པས། ང་ཚོས་རྒྱུ་ཆ་རྣམས་ལས་སྒྲུབ་བྱེད་བཞིན་པའི་ལས་བྱེད་མི་སྣའི་ལག་ཏུ་སྤྲད་ནས་དུས་ཚོད་ཅུང་ཙམ་སྒུག་ན་བྱ་བ་ཡོད་ཚད་སྒྲུབ་ཐུབ་པས་ངོ་མ་སྟབས་བདེ་བ་ཞིག་རེད་ཅེས་ཟོན་ཐར་རྒྱལ་གྱིས་དེ་ལྟར་བཤད།
མང་ཚོགས་ཚང་མ་ཡིད་ཚིམས་སུ་འཇུག་དགོས་ན་སྟབས་བདེའི་ཞབས་ཞུ་ངེས་པར་དགོས། བོན་བརྒྱ་ཡུལ་ཚོའི་སྡེ་བ་རེ་རེའི་ཐེངས་གཅིག་ལ་འགྲོ་ལུགས་ཆ་ཚང་སྒྲུབ་ཐུབ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་དམངས་སྲིད་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། སློབ་གསོ་སོགས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་ཞབས་ཞུའི་སྒེའུ་ཁུང་མང་པོ་བཙུགས་པ་དེས། དེ་སྔོན་འགྲོ་ལུགས་ཞིག་སྒྲུབ་པར་ཡུལ་ཚོ་དང་རྫོང་དུ་སྐྱོད་དགོས་པའི་རྣམ་པ་འགྱུར་ལྡོག་བྱུང་ཡོད་པ་མ་ཟད། མང་ཚོགས་ཀྱིས་བྱ་བ་སྒྲུབ་པའི་གོ་རིམ་སྟབས་བདེ་རུ་བཏང་ཡོད་ལ། ད་དུང་སྡེ་མིས་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པར་ཡང་ཕན་པ་ཡོད། ས་གནས་ཀྱི་སྡེ་མི་དང་སྲིད་གཞུང་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་གི་ལས་ཀའི་སྣང་བརྙན་བཟང་པོ་གཏོད་ཆེད་སྲིད་དོན་ཡོངས་བསྒྲགས་ཀྱི་ལས་སྟེགས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།
སྡེ་བའི་ལས་བྱེད་པའི་ལས་རེས་བྱེད་པ་དང་སྡེ་མིས་བྱ་བ་སྒྲུབ་པར་སྔར་བས་སྟབས་བདེ་བསྐྲུན་ཆེད། བོན་བརྒྱ་ཡུལ་ཚོས“ཡོད་པ་བཅུའི”ཚད་གཞི་ལྟར་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་། རིན་མེད་ཀྱི“ཟ་ཁང་ཆུང་ཆུང”བཙུགས་ལ། ཏང་ཡོན་གྱི་བྱ་འགུལ་ཁང་དང་ཚོགས་འདུ་ཁང་། ཕྱོགས་བསྡུས་བཅོས་སྐྱོང་ས་ཚིགས། འཕྲོད་བསྟེན་ཁང་བཅས་ཀྱི་ཆ་ཚང་སྒྲིག་ཆས་དང་བྱེད་ནུས་འཐུས་ཚང་དུ་བཏང་ནས་དམངས་ཕན་ཞབས་ཞུའི་ཚོམས་ཆེན་བཙུགས་ཡོད།
“ཉེ་བའི་ལོ་འགའི་རིང་ལ། ང་ཚོ་ཡུལ་ཚོའི་ཏང་ཡོན་གྱི་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་མངོན་གསལ་དུ་སོང་ཡོད། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡང་ཅན་ཅོན་གྱིས་བཤད་རྒྱུར།“རིམས་ནད་སྔོན་འགོག་གི་སྐབས་སུ། ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། བོན་བརྒྱ་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་འགན་འཁྲི་ཕྲག་ཏུ་ཁུར་ནས། སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ཞིབ་བཤེར་དང་ཐོ་འགོད། དྲིལ་སྒྲོག་སོགས་ཀྱི་བྱ་བ་ཞིབ་ཚགས་སྤེལ། དེ་དང་ཆབས་ཅིག བུད་མེད་དང་བླངས་པ་དང་སློབ་གྲྭ་ཆེན་མོའི་དང་བླངས་པ་སོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་སྡེ་བ་རིམ་པའི་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་རིམས་ནད་སྔོན་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡུལ་ཚོ་ཡོངས་ལ་ཁྱབ་པར་བྱས་ཟེར།
“ང་ཚོའི་སྡེ་བ་ཡུལ་ཚོའི་སྲིད་གཞུང་དང་བར་ཐག་ཤིན་ཏུ་རིང་། རིམས་ནད་བྱུང་མ་ཐག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱར་རྒྱུན་ལོན་ཆེན་པོ་མེད། སྐབས་དེར། ཡུལ་ཚོའི་ཏང་ཨུ་ཡིས་རྟ་ཐོག་གི་སྒྲོག་འགྲེལ་ཚོགས་པ་དང་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་བཙུགས་པ་རེད། ཁོ་ཚོས་གྲང་རླུང་ལ་མི་འཛེམ་པར་ང་ཚོའི་སྡེ་བར་ཡོང་ནས་མང་ཚོགས་ཡོངས་དང་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱས་ཏེ། ང་ཚོ་སྡེ་མི་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དུས་ཐོག་ཏུ་རྒྱུས་ལོན་བྱུང་དུ་བཅུག་པ་ཟད་ཡང་དག་པའི་འགོག་སྲུང་བྱས་པས། སྡེ་མི་དང་ཏང་ཡོན་ཡོངས་ལ་ཡུལ་ཚོ་ཏང་ཨུ་ཡིས་བསྐྱལ་བའི་དྲོད་འཁོལ་ཚོར་དུ་བཅུག”ཅེས་ཆོས་ལུང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐལ་འབྲུག་རྒྱལ་གྱིས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱས་ཏེ་སེམས་འགུལ་ཐེབས་ཞོར་དེ་ལྟར་བཤད།
སྲོག་ཤིང་གིས་རྩ་འཛུགས་སྟོབས་ཆེར་གཏོང་བར་སྣེ་ཁྲིད་བྱས་ཏེ་ལམ་ལུགས་འཐུས་ཚང་དུ་བཏང་ནས་དཀའ་གནད་སེལ།
ཏང་ཨུའི་དྲུང་ཡིག་ཅ་ཡུང་ལིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། “ང་ནི་ན་ནིང་བོན་བརྒྱ་ཡུལ་ཚོ་རུ་ལས་གནས་སྤར་ཏེ་ཡོང་བ་ཡིན། ཡུལ་ཚོ་རུ་ཐོན་མ་ཐག་གཞི་རིམ་ཏང་འཛུགས་སྐྲུན་གཞུང་ལས་ཁང་དུ་ལས་བགོས་བྱས་ནས་ཏང་འཛུགས་སྐྲུན་བྱ་བའི་ཆེད་བསྐོས་འགན་འཁུར་བ་ཡིན། ལས་གྲོགས་རྣམས་ཀྱིས་སྔོན་ཆད་ལས་བགོས་གསལ་པོ་བྱས་མེད་པའི་སྐབས་སུ། སུ་ཞིག་གིས་ལས་ཀ་གང་ཞིག་ལས་དགོས་པ་དང་། སུ་ཞིག་གིས་མང་པོ་ལས་པ། སུ་ཞིག་གིས་ཉུང་ཉུང་ལས་པ་བཅས་ཀྱི་ཆེད་དུ་ཕྱོགས་འགལ་བྱུང་ནས་བྱ་བའི་ལས་ཆོད་ཆེན་པོ་མེད་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཧ་ཅང་དམའ། ད་ལྟ། ཡུལ་ཚོ་ཏང་ཨུ་ཡིས་ཞབས་ཞུའི་ཚོམས་ཆེན་བཙུགས་ཡོད་པས། འགན་འཁྲི་གསལ་བོ་བྱས་ཡོད་ལ་ཚང་མས་ལས་བགོས་ཀྱང་གསལ་བོ་ཡིན་པས། གཞོགས་འདེགས་བྱས་པ་བཟང་ལ་འགལ་བ་ཡང་ཇེ་ཉུང་དུ་སོང་ཡོད་པ་དང་། མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པས། བྱ་བ་སྒྲུབ་ན་སེམས་ཁམས་ཧ་ཅང་སྐྱིད་ཟེར།
ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱས། དེ་ནི་བོན་བརྒྱ་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱུན་འཛིན་བྱས་པའི་ལས་ཀའི་རྣམ་འགྱུར་དང་ལས་ཀའི་རྩ་དོན་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། བོན་བརྒྱ་ཡུལ་ཚོའི་ཏང་ཨུ་ཡིས་མང་ཚོགས་ཀྱི་རེ་བ་རིམ་དབྱེ་ཐག་གཅོད་དང་། ཚན་པའི་ཁོངས་མིས་ཁས་ལེན། ལས་བྱེད་པའི་དཔྱད་ཞིབ་གནད་འཁེལ་ཅན་སོགས་ཀྱི་དམངས་ལ་ཞབས་ཞུའི་ལམ་ལུགས་བཙུགས་པ་མ་ཟད་འཐུས་སྒོ་ཇེ་ཚང་དུ་བཏང་ནས། དེ་སྔོན་གྱི་འགན་འཁྲི་གསལ་པོ་མིན་པ་དང་། འཁོར་སྐྱོད་ཤར་གཏོང་མིན་པ། ཞབས་ཞུ་བཟང་བོ་མིན་པ་བཅས་ཀྱི་གནད་དོན་དངོས་གནས་ཐག་གཅོད་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད། འབྲོག་པ་མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་བཅས་བྱེད་པའི་ནུས་པ་ཇེ་ཆེར་བཏང་།
རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀླུ་བྱམས་རྒྱལ་གྱིས་བཤད་རྒྱུར། རྫོང་ཏང་ཨུ་ཡིས་ཏང་འཛུགས་ལས་ཀ་ཞིབ་ཚགས་ཅན་དུ་གཏོང་བ་དེ་རྫོང་ཡོངས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་ཀྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་ཏང་འཛུགས་སྐྲུན་གཞུང་ལས་ཁང་བཙུགས་པ་བརྒྱུད་དེ། ལས་ཀའི་འགན་འཁྲི་གསལ་བོ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་སྟེང་། གཞི་རིམ་ཏང་འཛུགས་སྐྲུན་གྱི་ཁྲིད་སྟོན་པའི་དཔུང་ཁག་འཐུས་ཚང་དུ་བཏང་བ་དང་། ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ‘ཟླ་རེར་ལྟ་ཞིབ་དང་དུས་ཚིགས་རེར་སྤྱི་བསྡོམས་བྱེད་པའི’ལམ་ལུགས་ལག་བསྟར་བྱས་པས། དེ་སྔོན་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་མིན་པ་དང་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུ་རྗེས་ལུས་ཡིན་པའི་གནད་དོན་དངོས་གནས་ཐག་གཅོད་བྱས་ཡོད།
ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཞི་རིམ་དུ་ལག་བསྟར་བྱས་པ་དང་བསྟུན་ནས། བོན་བརྒྱ་ཡུལ་ཚོ་ཡིས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་མུ་མཐུད་ཇེ་བརྟན་དུ་བཏང་བ་དང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་གཅེས་སྐྱོང་བྱེད་ཀྱིན་ཡོད་ལ། ཏང་གི་དྲོད་འཁོལ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་སྐྱེལ་ནས། ཐུན་མོང་གིས་ཏང་དང་མང་ཚོགས་བར་གྱི་དགའ་ལྷང་ལྷང་གི་འཆམ་མཐུན་རི་མོ་ཞིག་བྲིས་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།