ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱེད་པའི་སྐོར་གྱི་གྲོས་འདོན་ཡི་གེ
2020.09.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 79

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འབྲུ་རིགས་ཆུད་ཟོས་གཏོང་བའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། གྲོན་ཆུང་གི་གོམས་སྲོལ་བཟང་བོ་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་བཏང་ན་ངོ་ཚ་དང་གྲོན་ཆུང་བྱས་ན་གཟི་བརྗིད་དུ་བརྩི་བའི་སྲོལ་བཟང་ཞིག་བཏོད་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་ཀྱིས་གྲོས་འགོ་བཏོན་པ་གཤམ་གསལ་ལྟར།

གཅིག སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་དང་གྲོན་ཆུང་ལག་བསྟར་བྱ་དགོས། གྲོན་ཆུང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་ཡིན། ད་ལྟའི་ཆར། “ ཟས་རིགས་ཆུད་ཟོས”ཀྱི་སྣང་ཚུལ་ཡང་ཡང་ཐོན་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་དང་། ངལ་རྩོལ་ལ་བརྩི་འཇོག་དང་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་ཤུགས་ཆེན་པོས་དར་སྤེལ་བྱས་ཏེ། ཚན་རིག་དང་མཐུན་པའི་བཟའ་བཏུང་དང་ཡ་རབས་ཚུལ་ལྡན་གྱིས་ཟ་མ་ཟ་བ། ཚུལ་མཐུན་གྱི་འཛད་སྤྱོད་ཀྱིས་དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཁྱབ་པར་བྱ་དགོས། རང་ཉིད་ནས་མགོ་བརྩམས་ཏེ་ཧུར་ཐག་གིས་སྡེར་གཙང་བྱ་སྤྱོད་ཁྲོད་ཞུགས་པ་དང་། རང་རྟོགས་སྒོས་སྤྱི་གཞུང་དུ་སྤྱོད་པའི་ཐུར་མ་དང་ཁེམ་བུ་བཀོལ་སྤྱོད་བྱས་ཏེ། མཉམ་དུ་འབྲུ་རིགས་འཕྲོ་བརླག་གཏོང་བ་བཀག་འགོག་དང་།  ཚུལ་མཐུན་མིན་པའི་འཛད་སྤྱོད་དགོས་མཁོ་ཚོད་འཛིན་བྱེད་པ། རྒྱས་སྤྲོས་རྒྱས་གཤོམ་སོགས་ཀྱི་དར་སྲོལ་ངན་པ་མེད་པར་བཟོས་ ཏེ། ཚང་མས་སྤྱོད་བཟང་དར་སྤེལ་གྱི་ལག་ལེན་མཁན་དང་། དཔལ་ཡོན་སྲོལ་བཟང་སྲུང་སྐྱོབ་མཁན། མཛེས་སྡུག་འཚོ་བ་གསར་གཏོད་མཁན་བཅས་སུ་འགྱུར་བར་བརྩོན་ལེན་བྱ་དགོས།

གཉིས། ཟ་ཁང་གི་དོ་དམ་ལ་ཤུགས་བསྣན་ནས་སློབ་གསོའི་སློབ་གསོ་སྤེལ་དགོས།  རིམ་པ་སོ་སོའི་ལས་ཁུངས་དང་། ཁེ་ལས་ལས་དོན་སྡེ་ཁག་གིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་གཏོང་བ་བཀག་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོན་ཆུང་ཅན་གྱི་སྤྱི་པའི་ལས་ཁུངས་གསར་འཛུགས་དང་ལྷད་མེད་ཟ་ཁང་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས།  ཟ་ཁང་དུ་ཟ་མ་ཟ་སྐབས་གྲོན་ཆུང་བྱ་རྒྱུར་ཤུགས་སྣོན་བྱེད་པ་དང་། ཟས་རིགས་ཉོ་སྒྲུབ་དང་། གསོག་ཉར། ལས་སྣོན་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་། དགོས་མཁོའི་གྲངས་ཚད་ལྟར་མཁོ་སྤྲོད་བྱེད་དགོས། ཆུད་ཟོས་ཀྱི་བྱ་སྤྱོད་ལ་གླེང་མོལ་དང་བསླབ་བྱ་གཏོང་བའི་ལམ་ལུགས་ཁྱབ་སྤེལ་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱིས་སློབ་མའི་གྲོན་ཆུང་བསྲི་ཚགས་ཀྱི་གོམས་སྲོལ་ལེགས་པོ་ཆགས་པར་བྱེད་པའི་སློབ་གསོར་ཤུགས་སྣོན་བྱས་ཏེ། ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་བཟང་བོ་བཏོད་པ་དང་།  སློབ་མར་ཟས་ཇི་ཙམ་ཟོས་ན་དེ་ཙམ་ལེན་པ་དང་། ཟས་གདམ་གསེས་མི་བྱེད་པ་དང་མི་འཕེན་པ། འཕྲོ་བརླག་མི་གཏོང་བར་ཁྲིད་སྟོན་བྱས་ཏེ། རང་འགུལ་ངང་རྒྱས་སྤྲོས་ཆུད་ཟོས་ཀྱི་བྱ་སྤྱོད་གཏན་འགོག་བྱ་དགོས།

གསུམ། བདག་གཉེར་འདུ་ཤེས་བསྒྱུར་ནས་ཚུལ་མཐུན་གྱི་འཛད་སྤྱོད་ལ་ཁྲིད་སྟོན་བྱ་དགོས། རིགས་སྣ་ཚོགས་ཀྱི་མགྲོན་ཁང་དང་བཟའ་བཏུང་ཁེ་ལས་ཀྱིས་འཛད་སྤྱོད་པར་ཚུལ་མཐུན་གྱིས་ཟ་མ་ཟ་བ་དང་འཛད་སྤྱོད་བྱེད་པ། ཟ་ཚད་རན་པོ་དང་གྲོན་ཆུང་བསྲི་ཚགས་ཀྱིས་ཟ་མ་ཟ་བར་ཁྲིད་སྟོན་བྱེད་པ་དང་། ཧུར་ཐག་གིས་ཚལ་ཕྱེད་ཀ་དང་ཚལ་ཉུང་རིགས་ཁྱབ་སྤེལ་བྱས་ཏེ། འཛད་སྤྱོད་པར་གདམ་ཀ་སྣ་མང་ཅན་མཁོ་འདོན་བྱས་ནས་ཚལ་ཕྱེད་ཀར་རིན་གོང་ཕྱེད་ཀ་དང་ཚལ་ཉུང་བར་རིན་གོང་འོས་འཚམ་བཅས་ཀྱི་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ནས། ཧུར་ཐག་གིས“ཁག་བགོས་ལམ་ལུགས་དང་། གཞུང་ཐུར་ལམ་ལུགས། ”ཁྱབ་སྤེལ་བྱེད་དགོས། བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་བཟའ་བཏུང་ཁེ་ལས་ཀྱིས་སྐྱེད་ཀ་ཕྱིར་སློག་དང་ཕབ་ཆ་གཅོག་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་འཛད་སྤྱོད་པར་གྲོན་ཆུང་གི་བྱ་སྤྱོད་སྤེལ་བར་བསྔགས་སྐུལ་བྱེད་པ་དང་།  བཟའ་བཏུང་གི་དར་སྲོལ་གསར་པ་གསོ་སྐྱོང་བྱ་དགོས།

བཞི། ཁྱིམ་སྲོལ་རྒྱུན་འཛིན་ལ་མཐོང་ཆེན་བྱས་ཏེ་བརྩོན་བསྲིས་ཁྱིམ་སྐྱོང་དར་སྤེལ་བྱ་དགོས། ཁྱིམ་ཚང་རེ་རེས་གྲོན་ཆུང་བསྲི་ཚགས་ཀྱི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་ཏེ། འབྲས་རྡོག་གཅིག་དང་། ཆུ་ཐིགས་གཅིག གློག་ཏུའུ་གཅིག་བཅས་གྲོན་ཆུང་བྱ་རྒྱུ་ནས་འགོ་བརྩམས་ནས། བྱིས་པར་འབྲུ་རིགས་ལ་གཅེས་སྤྲས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། རང་རྟོགས་སྒོས་དཀའ་སྤྱད་བབ་ཆགས་ཀྱི་འཚོ་བའི་གོམས་སྲོལ་ཆགས་པར་བྱ་དགོས། ཁྱིམ་བདག་གིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན།  བརྩོན་བསྲིས་ཁྱིམ་སྐྱོང་། ལྷད་མེད་འཛད་སྤྱོད་དང་བདེ་ཐང་གི་འཚོ་བ་རྣམ་པ་དར་སྤེལ་བྱས་ཏེ། བྱིས་པས་ཚུལ་མཐུན་སྒོས་བཟའ་བཏུང་བསྟེན་པ་དང་། ཟས་རིགས་གདམ་གསེས་མི་བྱེད་པ། རྒྱས་བཟའ་རྒྱས་འཐུང་མི་བྱེད་པ། རྒྱས་སྤྲོས་ཆུད་ཟོས་མི་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། ཟས་རིགས་ཉུང་ཙམ་ཉོ་བ་དང་ཚན་རིག་ལྟར་ཉར་ཚགས་བྱེད་པ། ལས་སྣོན་ཞིབ་ཚགས་བཅས་ལ་མཐོང་ཆེན་བྱས་ཏེ་ཆུད་ཟོས་ཇེ་ཉུང་དུ་གཏོང་དགོས།

ལྔ། གླེང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ནས་རྣམ་པ་བཟང་པོ་ཞིག་གཏོད་དགོས། སྤྱི་པའི་ས་ཁོངས་དང་ཟ་མ་ཟ་སར་དྲིལ་སྒྲོག་སྦྱར་ཡིག་སྦྱར་པ་དང་། སྤྱི་ཕན་བརྡ་ཁྱབ་གཏོང་བ། བདེ་ཐང་ཡ་རབས་ཀྱི་ཟས་རིགས་འཛད་སྤྱོད་བྱེད་སྟངས་དྲིལ་སྒྲོག་བྱ་དགོས། སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་པས་བསྲི་ཚགས་གྲོན་ཆུང་གི་སྔོན་ཐོན་དཔེ་མཚོན་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱས་ཏེ་དུས་ཐོག་ཏུ་འབྲུ་རིགས་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ངན་པ་དང་། དཔེ་མཚོན་གྱོད་དཔེ། བྱ་བར་སྐུལ་འདེད་ནུས་ལྡན་མ་བྱུང་བ་བཅས་ཀྱི་སྡེ་ཁག་ཁྲོམ་བསྒྲགས་བྱ་དགོས། རིགས་སྣ་ཚོགས་ཀྱི་བཟའ་བཏུང་ཁེ་ལས་དང་ཟ་ཁང་གིས་ཚང་མས་མཐོར་སར་བསྲི་ཚགས་གྲོན་ཆུང་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ། སྡེར་གཙང་བྱ་སྤྱོད། ཡ་རབས་ཚུལ་ལྡན་གྱིས་ཟས་རིགས་ཟ་བ། སྡེར་མའི་ནང་གི་འབྲུ་རྡོག་རེ། དཀའ་སྤྱད་ལས་བྱུང་བ་སུ་ཡིས་ཤེས་སོགས་ཀྱི་དྲན་སྐུལ་སྦྱར་ཡིག་སྦྱར་ཏེ། སྤྱི་ཚོགས་ཡོངས་སུ་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས།

འབྲུ་ཡིས་མ་བསྐྱངས་མགོ་ནག་མེད། བསྲི་ཚགས་མེད་ན་རྒྱུ་འབྲས་མིན། གྲོན་ཆུང་ནི་ལག་ལེན་ཁྲོད་མངོན་དགོས་ལ། གྲོན་ཆུང་ནི་གོམས་གཤིས་སུ་འགྱུར་དགོས། དེ་བས་ཀྱང་གྲོན་ཆུང་ནི་ཡ་རབས་ཀུན་སྤྱོད་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་ཉིད་ནས་འགོ་རྩོམ་པ་དང་། ཕྲན་ཚེགས་ནས་འགོ་རྩོམ་པ། ཉེ་འགྲམ་ནས་འགོ་རྩོམ་པ། རང་རྟོགས་ཀྱིས་ཡ་རབས་ཚུལ་ལྡན་དང་གྲོན་ཆུང་གི་འཛད་སྤྱོད་འདུ་ཤེས་དང་འཚོ་བའི་གོམས་གཤིས་ལོབས་སུ་བཅུག་ནས། འབྲུ་གཅེས་གྲོན་ཆུང་གི་མིག་དཔེ་རུ་འགྱུར་བར་བྱ་དགོས། སྤྱི་ཚོགས་ཡོངས་ཀྱིས་ཧུར་ཐག་གིས་བྱ་སྤྱོད་ལངས་ཏེ། འབྲུ་རིགས་ལ་གཅེས་སྤྲས་དང་ཆུད་ཟོས་གཏན་འགོག་བྱས་ཏེ། འབད་བརྩོན་སྒོས་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དེ་དུས་རབས་གསར་བའི་རིན་ཐང་གི་ཁ་ཕྱོགས་དང་ཚད་ལྡན་གྱི་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། དར་སྲོལ་བཟང་བོའི་དམིགས་འབེན་གསར་བ་ཞིག་ཏུ་འགྱུར་བར་བྱེད་དགོས།

གཞན་ཡང་། ཞིང་ཆེན་ཏང་ཨུའི་ཞིང་སྡེ་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ངལ་རྩོལ་འབྲས་བུར་གཅེས་སྤྲས་དང་འབྲུ་རིགས་འཕྲོ་བརླག་གཏན་འགོག་བྱེད་པར་གྲོས་འདོན་ཡི་གེ་ཕུལ།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆུད་ཟོས་གཏོང་བ་བཀག་འགོག་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་།  ཟས་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་དང་སེམས་སྐྱོ་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དེ་ནི། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འཐབ་ཇུས་ཀྱི་བསམ་བློ་གཏོང་ཚུལ་དང་མིག་རྒྱང་རིང་བའི་འཆར་འགོད་ཞིག་ཡིན་ལ། རོང་འབྲོག་མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་བྱས་པའི་འབྲས་བུ་ལ་གཅེས་སྤྲས་བྱེད་ཚུལ་ཞིག་ཀྱང་རེད།

འབྲུ་གཅེས་གྲོན་ཆུང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན། ཉེ་བའི་ལོ་ཤས་རིང་། ཡོང་འབབ་འཕར་སྣོན་བྱུང་བ་དང་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། སྒེར་གྱི་འཛད་སྤྱོད་ཁྲོད་ཀྱི་འབྲུ་རིགས་ཆུད་ཟོས་གཏོང་བའི་སྣང་ཚུལ་ད་དུང་ཚད་མི་འདྲ་བའི་སྒོ་ནས་གནས་ཡོད་པ་དང་། ལྷག་པར་ཞིང་སྡེ་རུ་གཉེན་སྟོན་དང་དུར་མཆོད་བྱེད་སྐབས་རྒྱས་གཤོམ་འཛད་སྤྱོད་བྱེད་ཚུལ་ད་དུང་ཡོངས་ཁྱབ་ཏུ་གནས། “རྔུལ་ཆུ་ཐིགས་པ་རེ་ལ་འབྲུ་རྡོག་གཅིག་རེ”ཟེར་སྲོལ་ཡོད། དེ་ནི་རོང་འབྲོག་མང་ཚོགས་ཀྱི་མྱོང་ཚོར་ཟབ་མོ་ཞིག་རེད། འབྲུ་རིགས་ལ་གྲོན་ཆུང་བྱས་ཏེ་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་ནི་རོང་འབྲོག་མང་ཚོགས་ཀྱིས་རང་གི་ངལ་རྩོལ་འབྲས་བུ་ལ་གཅེས་སྤྲས་བྱེད་པའི་མཚོན་སྟངས་ལེགས་པོ་ཞིག་ཡིན་ལ། རང་ཉིད་ཀྱི་རིན་ཐང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ་ཞིག་ཀྱང་རེད། དེར་བརྟེན། ཞིང་ཆེན་ཏང་ཨུའི་ཞིང་སྡེ་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།

གཅིག ཞིབ་རྨོ་ཞིབ་འདེབས་སྒོས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་འཇུག་རྒྱུར་ཁག་ཁུར་བྱེད་པ། ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་གིས་རང་ཁྱིམ་གྱི་ས་ཞིང་ཡག་པོར་བཏབ་ནས་རང་ཁ་རང་གསོ་བྱ་དགོས། ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་གིས་གཉེན་ཉེ་དང་གྲོགས་པོ་ལ་ས་ཞིང་བསྐོར་སྒྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་ས་ཞིང་ཐང་རྒོད་དུ་མི་འགྲོ་བར་ཁག་ཁུར་བྱ་དགོས། ཞིབ་རྨོ་ཞིབ་འདེབས་བྱས་ནས་ཐོན་ཚད་ཇེ་མཐོར་ བཏང་སྟེ་འབྲུ་རྡོག་རེ་རེ་མཛོད་དུ་འཇུག་དགོས།

གཉིས། གོམས་གཤིས་ལེགས་སྒྱུར་བྱས་ནས་སྲོལ་ངན་བཀག་འགོག་བྱེད་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་དུ་བསྟར་བ་དང་། ངལ་རྩོལ་ལ་བརྩི་འཇོག་དང་ཧུར་བརྩོན་བསྲི་ཚགས་དང་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་ཤུགས་ཆེན་པོས་དར་སྤེལ་གཏོང་བ། སྣེ་ཁྲིད་དེ་གཉེན་སྟོན་དང་དུར་མཆོད་སོགས་རྒྱས་གཤོམ་གྱི་སྲོལ་ངན་བཀག་འགོག་བྱས་ཏེ། གཉེན་སྟོན་དང་དུར་མཆོད་བྱེད་སྐབས་བག་མེད་ཆུད་ཟོས་དང་ཚུལ་མཐུན་མིན་པའི་འཛད་སྤྱོད་བྱེད་པའི་རིགས་གཏན་འགོག་བྱ་དགོས།

གསུམ། བརྩོན་བསྲིས་ཁྱིམ་སྐྱོང་བྱས་ནས་ཡ་རབས་སྲོལ་རྒྱུན་དར་སྤེལ་གཏོང་བ། ཁྱིམ་ཚང་རེ་རེས་གྲོན་ཆུང་བསྲི་ཚགས་ཀྱི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱེད་དགོས་ལ། འབྲས་རྡོག་གཅིག་དང་ཆུ་ཐིགས་གཅིག་ལྟར་གྲོན་ཆུང་བྱ་རྒྱུ་ནས་འགོ་བརྩམས་ཏེ་ཞིབ་རྩིས་རྒྱག་མཁས་དང་བརྩོན་བསྲིས་ཁྱིམ་སྐྱོང་བྱ་དགོས། ལྷད་མེད་འཛད་སྤྱོད་དང་བདེ་ཐང་གི་འཚོ་བའི་རྣམ་པ་དར་སྤེལ་དང་། བྱིས་པར་རང་རྟོགས་ཀྱིས་དཀའ་སྤྱད་བབ་ཆགས་ཀྱི་འཚོ་བའི་གོམས་གཤིས་ཆགས་པར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། འོས་འཚམ་གྱི་སྒོ་ནས་ཟས་རིགས་དང་དངོས་ཟོག་ཉོ་སྒྲུབ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གསོག་ཉར་དང་ལས་སྣོན་ཞིབ་ཚགས་བྱས་ཏེ་ཁྱིམ་ཚང་གི་ཆུད་ཟོས་ཇེ་ཉུང་དུ་གཏང་དགོས།

བཞི། གྲོན་ཆུང་ལྷུར་ལེན་སྒོས་ཟས་ཅོག་སྟེང་གི་འཕྲོ་བརླག་བཀག་འགོག་བྱེད་པ། ངལ་རྩོལ་ལ་བརྩི་འཇོག་དང་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། རང་ཁྱིམ་དུ་འདེམས་བཟའ་འདེམས་འཐུང་མི་བྱེད་པ་དང་། ཟས་ལྷག་མི་བསྐྱུར་བ།  འཕྲོ་བརླག་མི་གཏོང་བ་བཅས་བྱས་ཏེ་ཆུད་ཟོས་བཀག་འགོག་བྱེད་པའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས། ཕྱི་ནས་ཟ་མ་ཟོས་ན་ཚན་རིག་དང་མཐུན་པའི་སྒོ་ནས་ཟས་ཟ་བ་དང་། ཟ་ཚད་རན་པོས་ཟ་བ་བཅས་བྱས་ནས“དཀར་སྡེར་གཙང་དག”ནང་ཞུགས་པ་དང་། སྣེ་ཁྲིད་དེ་འབྲུ་རིགས་འཕྲོ་བརླག་གཏོང་བར་བཀག་འགོག་བྱ་དགོས།

                                                                                                                                       ལོ་ཙཱ།སྒྲོལ་མ་སྐྱིད།